Degé Kangyur volume 66, F.277.b

སྨན་པའི་ཕྱག་དར་བ། བླུན་པ་མཁས་པས་སྙེམས་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ་དག་འབྱུང་སྟེ། དེ་དག་སྦྱིན་པའི་བསོད་ནམས་ཀྱི་དངོས་པོ་རྣམ་པ་མང་པོ་དག་བྱེད་པར་སྣང་སྟེ། དེ་དག་གཏོང་བས་རྒྱགས་ཤིང་དྲེགས་ནས་སྙེམས་པ་དང་རྒྱགས་པས་རྒྱལ་རིགས་དག་ཀྱང་འབྱེད་པར་བྱེད། དགེ་སྦྱོང་དག་ཀྱང་རྒྱལ་རིགས་དང་འབྱེད་པར་བྱེད་ཅིང་། དེ་དག་རྒྱལ་རིགས་ལ་བརྟེན་ནས་དགེ་སྦྱོང་དག་ཀྱང་ཆད་པས་གཅོད་པར་བྱེད་དེ། ནོར་གྱི་ཆད་པས་འཕྲོག་པར་བྱེད་པས་གནོད་པ་དེའི་ཕྱིར་དགེ་སློང་དེ་དག་གིས་གང་ཟག་གི་ཡང་རུང་། དགེ་འདུན་གྱི་ཡང་རུང་། ཕྱོགས་བཞིའི་དགེ་འདུན་གྱི་ཡང་རུང་། མཆོད་རྟེན་གྱི་ཡང་རུང་སྟེ། ཕྲོགས་ནས་དེ་དག་ལ་སྐྱེས་སུ་འབུལ་བར་བྱེད། ཕྱག་དར་བ་དེ་དག་ཀྱང་རྒྱལ་རིགས་ལ་འབུལ་བར་བྱེད་དེ། དེ་གཉི་ག་ལྟུང་བའི་རྩ་བར་འགྱུར་རོ། །​འདི་ནི་ལྟུང་བའི་རྩ་བ་བདུན་པའོ། །​གཞན་ཡང་རྒྱལ་རིགས་ཀྱི་ཕྱག་དར་བ་དེ་དགེ་སྦྱོང་དང་བཅས་ཏེ་ཉེས་པར་འགྱུར། ཆོས་དེ་ལྟ་བུ་དག་ཀྱང་ཆོས་མ་ཡིན་པར་འདོགས། ཆོས་མ་ཡིན་པར་ནི་ཆོས་སུ་འདོགས་ཏེ་ཆོས་སྤངས། མདོ་སྡེ་དང་འདུལ་བའི་བསླབ་པ་ལ་མི་བལྟ། ནག་པོ་བསྟན་པ་ལ་མི་བལྟ། ཆེན་པོ་བསྟན་པ་ལ་མི་བལྟ། བྱམས་པ་དང་། སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པ་དང་། ཐབས་ཀྱི་བསླབ་པ་དང་། གང་ཡང་མདོ་སྡེ་གཞན་དག་ལས་བསླབ་པ་བཤད་པ་དེ་ཡང་སྤངས་ནས་དགེ་སློང་དག་གཙེ་བའི་ཕྱིར་དེ་འདྲ་བའི་ཆོས་དང་མི་ལྡན་པའི་བྱ་བ་འཆའ་བར་བྱེད་དེ། བྱ་བ་འཆའ་བ་དེ་དག་གིས་དགེ་སློང་དག་གཙེ་བར་འགྱུར། ཞི་གནས་དང་ལྷག་མཐོང་ལ་སྦྱོར་བའི་ཡིད་ལ་བྱེད་པ་གཏོང་བར་འགྱུར། བསམ་གཏན་པ་དེ་དག་གནོད་སེམས་མང་བར་འགྱུར་བས་དེའི་ཕྱིར་དགེ་སློང་དག་གི་ཉོན་མོངས་པ་མ་ཞི་བ་ཞི་བར་མི་བྱེད། སྲབ་མོར་མི་འགྱུར་ཏེ། དེའི་ཚེ་དགེ་སློང་དག་བསམ་པ་ཉམས་པར་འགྱུར། ཚུལ་ཁྲིམས་ཉམས་པར་འགྱུར། སྤྱོད་པ་ཉམས་པ་དང་། ལྟ་བ་ཉམས་པར་འགྱུར་ཏེ། དེའི་ཕྱིར་ལྷོད་པར་འགྱུར། ཕལ་ཆེར་ལྷོད་པར་འགྱུར། ཚུལ་ཁྲིམས་ཉམས་པར་འགྱུར། དགེ་སྦྱོང་མ་ཡིན་ན་དགེ་སྦྱོང་དུ་ཁས་འཆེ། ཚངས་པར་སྤྱོད་པ་མ་ཡིན་ན་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་བོང་བུ་དང་མཚུངས་པ་དང་ཆོས་ཤིན་ཏུ་གསལ་བར་འཆད་པར་འགྱུར་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh260.html?part=UT22084-066-018-346#UT22084-066-018-346