Degé Kangyur volume 66, F.278.a

ཚངས་པར་སྤྱོད་པ་མ་ཡིན་ན་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་བོང་བུ་དང་མཚུངས་པ་དང་ཆོས་ཤིན་ཏུ་གསལ་བར་འཆད་པར་འགྱུར་ཏེ། དེ་དག་ལ་རྒྱལ་རིགས་འཁོར་དང་བཅས་པས་ཤིན་ཏུ་བཀུར་སྟི་བྱས་པ་དང་། རིམ་གྲོ་བྱས་པ་དང་། མཆོད་པ་བྱས་པར་འགྱུར། དེ་དག་གིས་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་བསྔགས་པ་མ་ཡིན་པ་ཁྱིམ་པ་ལ་བརྗོད་པ་དང་། རྒྱལ་རིགས་འཁོར་དང་བཅས་པ་དེ་ཡང་དགེ་སློང་སྤོང་བ་ལ་བརྩོན་པ་དེ་དག་ལ་ཞེ་སྡང་ཞིང་འཕྱ་བར་འགྱུར་ཏེ། གང་དེ་ན་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱི་ཕན་པ་དང་ལོངས་སྤྱོད་དུ་བྱ་བ་དེ་ཁ་ཏོན་ལ་བརྩོན་པའི་དགེ་སློང་ལ་འབུལ་བར་བྱེད་པས་དེ་གཉི་ག་ལྟུང་བའི་རྩ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་བསམ་གཏན་པ་ནི་ཞིང་དམ་པ་ཡིན་གྱི། ཁ་ཏོན་པ་དང་ཞལ་ཏ་ལ་གནས་པ་ནི་མ་ཡིན་པའི་ཕྱིར་ཏེ། དགེ་སློང་བསམ་གཏན་པ་དག་ནི་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་དང་། ས་དག་ལ་སྣོད་དུ་གྱུར་པ། སྦྱིན་གནས་དམ་པ་སྣོད་དམ་པར་གྱུར་པ། འཇིག་རྟེན་གྱི་སྣང་བར་བྱེད་པ། ལམ་སྟོན་པར་བྱེད་པ། ལས་ཀྱི་ཞིང་དང་ཉོན་མོངས་པའི་ཞིང་ལས་སེམས་ཅན་རྣམས་སྒྲོལ་བར་བྱེད་པ། མྱ་ངན་ལས་འདའ་བར་འགྲོ་བའི་ལམ་ལ་གཞོག་པར་བྱེད་པའོ། །​རིགས་ཀྱི་བུ་དེ་ནི་ཚེགས་མ་བྱུང་བ། འཇིགས་པ་དང་བྲལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་ལྟུང་བའི་རྩ་བ་བརྒྱད་པ་སྟེ། ལྟུང་བའི་རྩ་བ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་སྔོན་དགེ་བའི་རྩ་བ་བསྐྱེད་པ་ཐམས་ཅད་སྤྲུགས་པར་འགྱུར། ངན་སོང་དུ་འགྲོ་བར་འགྱུར། ལྟུང་བའི་དངོས་པོར་འགྱུར། ལྷ་དང་མིའི་བདེ་བ་ཐམས་ཅད་ལས་ཕས་ཕམ་པར་འགྱུར། བྱང་ཆུབ་སེམས་དཔའ་བསླུས་པར་འགྱུར་ཏེ། རིགས་ཀྱི་བུ་དེ་འདྲ་བ་དག་གི་ཕྱིར་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ནི་དེ་ལྟ་བུ་དག་གི་ཡུལ་དུ་སྐྱེ་ཞིང་འབྱུང་བར་འགྱུར་ཏེ། ལ་ལར་ནི་དགེ་སྦྱོང་གི་གཟུགས་དང་། ཆ་ལུགས་དང་། སྤྱོད་ལམ་གྱིས་ལ་ལར་ནི་བྲམ་ཟེའི་གཟུགས་དང་། ཆ་ལུགས་དང་སྤྱོད་ལམ་ནས་དུད་འགྲོའི་མཚན་མ་དང་། སྤྱོད་ལམ་གྱི་བར་དུ་གཟུགས་སྣ་ཚོགས་སྟོན་ཏེ། རྒྱ་ཆེར་ཇི་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས་འབྱུང་བ་བཞིན་དུ་བཀླག་པར་བྱ་སྟེ། དེ་དང་དེ་དག་ཏུ་སེམས་ཅན་དེ་དང་དེ་དག་ལ་ཇི་ལྟར་འཐུན་པ་བཞིན་དུ་ཆོས་འཆད་པར་བྱེད་དེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh260.html?part=UT22084-066-018-347#UT22084-066-018-347