Degé Kangyur volume 66, F.105.a

གནས་པ། ཡོན་ཏན་གྱིས་ཕྱུག་པ་དག་དང་ལྷན་ཅིག་ཏུ་ཀུན་དགའ་ར་བ་གཅིག་དང་། གཙུག་ལག་ཁང་གཅིག་ཏུ་གནས་པར་མི་བྱའོ། །​གལ་ཏེ་སྡིག་པ་ཅན་གྱི་དགེ་སློང་དེ་ཁ་དྲག་ཅིང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་སྤངས་ཏེ། དགེ་སློང་དེ་དག་དང་ལྷན་ཅིག་གནས་པར་བྱེད་ན། དེའི་ཕྱིར་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་གིས་བྱམས་པ་དང་ལྡན་ཞིང་ཆོས་དང་འཐུན་པས་དྲན་པར་བྱ་སྟེ། གལ་ཏེ་སྡིག་པ་ཅན་གྱི་དགེ་སློང་དེ་གནས་དེ་ནས་འགྲོ་བ་ལྟ་ན། དེ་ལྟ་ན་ནི་ལེགས། གལ་ཏེ་འགྲོ་བར་མི་བྱེད་ན་དེར་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་དོང་ལ་གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་དང་། ལྗོངས་དང་། རི་འོར་དེ་དག་ན་རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། དམངས་རིགས་གང་དབང་བྱེད་དུ་འཇུག་པ་དེ་ལ་སྦྲན་པར་བྱའོ། །​གལ་ཏེ་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དེས་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པ་གནས་དེ་ནས་ཟློག་པར་བྱེད་ན་དེར་ནི་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་གིས་གནས་པར་བྱའོ། །​ཇི་སྟེ་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དེ་བཟའ་བ་དང་། བཏུང་བ་དང་། རྙེད་པའི་རྒྱུས་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་བྱེད་པ་ལྟ་ན། དེའི་ཕྱིར་དགེ་སློང་ཆོས་ཀྱིས་གནས་པ་དེ་དག་གིས་ཁྲོ་བ་བསྟན་པར་མི་བྱའོ། །​ཆགས་པ་མ་ཡིན། ང་རྒྱལ་མ་ཡིན་ཏེ། འོན་ཀྱང་ཅང་མི་སྨྲ་བར་གནས་དེ་ནས་འགྲོ་བར་བྱ་ཞིང་། དགོན་པའི་གནས་སམ། ནགས་ཁྲོད་དམ། རིའམ། རི་བོའི་འོར་གཞན་གང་ན་སྒྲ་གཅོམ་ཆུང་བ་དང་། ནང་དུ་ཡང་དག་འཇོག་དང་འཚམ་པའམ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་འཐུན་པ་དེར་གནས་པར་བྱའོ། །​ཡང་རྒྱལ་པོ་གཟུགས་ཅན་སྙིང་པོས་མཆི་མ་ཕྱུང་ནས་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བཅོམ་ལྡན་འདས་གང་བཟའ་བ་དང་། བཏུང་བ་དང་། རྙེད་པའི་སླད་དུ་སྡིག་པ་ཅན་གྱི་དགེ་སློང་ཡོངས་སུ་འཛིན་པ་དང་བཅས་པའི་ཕྱོགས་བགྱིད་ཅིང་། དགེ་སློང་ཆོས་ཀྱིས་གནས་པ། ཡོན་ཏན་གྱིས་ཕྱུག་པ་རྣམས་ཀྱང་གནས་ནས་མཆི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh257.html?part=UT22084-066-015-138#UT22084-066-015-138