Degé Kangyur volume 66, F.227.a

པའི་ཐད་དུ་རབ་ཏུ་འབྱུང་བར་འགྱུར་ཞིང་དགྲ་བཅོམ་པ་ཉིད་ཀྱི་བར་དུ་མངོན་སུམ་དུ་བྱེད་པར་འགྱུར་རོ། །​དེའི་ཚེ་དེའི་དུས་ན་གང་གིས་གཙུག་ཏོར་ཅན་འཁོར་དང་བཅས་པ་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོ་བྱས་པ་དང་། དེའི་ཕྱིར་དགེ་འདུན་གྱི་ཀུན་དགའ་ར་བ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བྱས་པའི་རྒྱལ་པོ་མེ་ཏོག་བྲལ་ཞེས་བྱ་བ་གཞན་ཞིག་ཡིན་པར་ཁྱོད་སེམས་ན་དེ་གཞན་ཡིན་པར་ཡང་མི་བལྟ་སྟེ། དེ་ནི་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡིན་ནོ། །​འདི་ནི་བསྐལ་པ་སུམ་ཅུ་རྩ་གཅིག་ཏུ་ནམ་ཡང་ངན་འགྲོར་མ་སྐྱེས་སོ། །​ལྷའི་དཔལ་དང་སྐལ་བ་བཟང་པོ་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱ་ཆེན་པོ་མྱོང་ངོ་། །​འདི་ནི་བླ་ན་མེད་པའི་ཐེག་པའི་ཕྱིར་སྨོན་ལམ་གྱི་དབང་གིས་འདིར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་ཏེ། འདིར་དཔལ་དང་སྐལ་བ་བཟང་པོ་དེ་ལྟ་བུ་མྱོང་ངོ་། །​དེ་སྐད་ཅེས་ཐོས་ནས་ཀླུ་ཐམས་ཅད་སྐྱོ་ཞིང་མཆོག་ཏུ་ཡིད་མི་བདེ་ནས་བཅོམ་ལྡན་འདས་ལ་མཆོག་ཏུ་གུས་པ་སྐྱེས་ཤིང་ཉེ་བར་རྟོག་པས་གཅེས་པར་བྱེད་པར་གྱུར་ཏོ། །​དེའི་ནང་ན་ཀླུ་གཞན་མིག་མེད་པ་ལོང་བ་འབྲས་བུ་ཉམ་ཆུང་བ་ཞེས་བྱ་བ་ཞིག་ཡོད་དེ། དེས་གསང་བསྟོད་ནས་འོ་དོད་བོས་ཏེ་གསོལ་པ། སེམས་ཅན་རྣམས་ལ་ཐུགས་བརྩེ་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། །​ཡུན་རིང་བདག་གི་ལུས་ལ་སྡུག་བསྔལ་ཚོར་བ་རབ་མི་བཟད། །​སྲིན་བུ་སྦལ་པ་སྐྱེ་བོ་སྲོག་ཆགས་སྣ་ཚོགས་འཚལ་བར་བགྱིད། །​བཟའ་བ་བཏུང་བ་མ་མཆིས་ཆབ་ཚན་ནང་ན་བདག་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བ་འཇིག་རྒྱལ་བསྟན་པ་ལ། །​སྔོན་ནི་དགེ་སྦྱོང་ཁྱོད་གྱུར་ཏོ། །​མཁས་ཤིང་གཙང་སྦྲ་སྤྱོད་ལམ་ལྡན། །​དབེན་པ་དག་ཏུའང་སྡིག་པ་བྱེད། །​ལྷན་ཅིག་གནས་པ་དག་ཀྱང་མང་། །​ཁྱོད་བདག་སྟོན་པ་འདྲ་བར་གྱུར། །​དགྲ་བཅོམ་རྫུ་འཕྲུལ་ཆེན་པོ་ཡང་། །​ཁྱོད་ལ་སློབ་མ་རྣམས་ཀྱིས་བརྗོད། །​རྙེད་དང་བཀུར་སྟི་བྱུང་བ་ནི། །​ཁྱོད་གཅིག་བུ་ཡིས་ལོངས་སྤྱད་ཅིང་། །​ཁྱོད་ཀྱིས་དགེ་སློང་དེས་པ་མཐོང་། །​དེ་དག་ལ་ནི་མི་སྙན་བརྗོད། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh257.html?part=UT22084-066-015-985#UT22084-066-015-985