Degé Kangyur volume 64, F.160.b

དེ་ནས་དེའི་ཚེ་ལྷ་མོ་རྒྱ་ཆེར་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །​མ་སྐྱེས་ཁྱོད་ལ་ཕྱག་འཚལ་ལོ། །​དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ། །​སྲིད་པར་སྐྱེ་བ་སྣ་ཚོགས་པ། །​དྲི་མེད་ཐམས་ཅད་ཐུབ་པས་བསྟན། །​དཔའ་བོ་ཆེན་པོ་རྟག་པའི་སྐུ། །​སྲིད་སྐྱེའི་དགྱེས་པ་རྒྱ་མཚོ་མངའ། །​གོས་པ་མེད་པའི་དེ་བཞིན་གཤེགས། །​འཁོར་བ་དག་ནི་དགེ་བར་བཞེད། །​སྲིད་པར་སྐྱེ་བའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ལྔ་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། འཁོར་བའི་ཉོན་མོངས་པའི་ཞིང་གི་ལས་ཀྱི་ས་ཐོབ་པར་བགྱི་བའི་སླད་དུ། སེམས་ཀྱིས་ཡང་དག་པར་ལེན་པའི་རྣམ་པར་གྲོལ་བའི་སྨོན་ལམ་གསང་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ། དེ་བཞིན་གཤེགས་པས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བའི་ཉོན་མོངས་པའི་ཞིང་གི་འབྲས་བུ་འཐོབ་པ་ཞེས་བྱ་བ་དང་། འཁོར་བའི་ཉོན་མོངས་པའི་ཞིང་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བ་དང་། འཁོར་བའི་སྦྱོར་བ་ལ་སེམས་གནས་པ་ཞེས་བྱ་བ་དང་། འཁོར་བ་ལ་མཆོག་ཏུ་དགའ་བའི་གཟུངས་ཞེས་བྱ་བ་དང་། འཁོར་བར་འགྲོ་བ་ཞེས་བྱ་བ་དང་། འཁོར་བར་ཤིན་ཏུ་ཆར་འབེབས་པ་ཞེས་བྱ་བ་དང་། འཁོར་བ་རྒྱུན་མི་གཅོད་པའི་རླུང་གི་རྒྱལ་པོ་ཞེས་བྱ་བ་དང་། འཁོར་བའི་ཆོམ་རྐུན་ཞེས་བྱ་བ་དང་། འཁོར་བའི་རྩ་བའི་སྤྱོད་ཡུལ་དྲི་མ་མེད་པ་ཞེས་བྱ་བ་དང་། འཁོར་བ་ན་ཡུན་རིང་དུ་གནས་པ་རྣམས་ལ་སྣང་བར་བྱེད་པ་ཞེས་བྱ་སྟེ། བཅུ་པོ་དེ་དག་ནི་འཁོར་བའི་ཉོན་མོངས་པའི་ཞིང་གི་ལས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར་སེམས་ཀྱིས་ཡང་དག་པར་ལེན་པའི་རྣམ་པར་གྲོལ་བའི་སྨོན་ལམ་གསང་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ཀླུའི་རྒྱལ་པོ་དུག་མེད་ཅེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​ཉོན་མོངས་འཁོར་བ་རྙེད་པ་ཆེ། །​སེམས་ཅན་རྣམས་ལ་སྨན་སླད་དུ། །​འཁོར་བའི་དངོས་འདྲ་དེ་བཞིན་གཤེགས། །​ཆོས་རྣམས་སྣ་ཚོགས་སྟོན་པར་མཛད། །​འཁོར་བ་ཉོན་མོངས་པའི་ཞིང་གི་ལས་ཀྱི་ས་འཐོབ་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་དྲུག་པའོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1559#UT22084-064-002-1559