Degé Kangyur volume 64, F.160.a

པ་ཞེས་བྱ་བ་དང་། སྡུག་བསྔལ་ཞིང་མི་བདེ་ལ་བདེ་བ་ཞེས་བྱ་བ་དང་། སྟོང་ཞིང་ཤིན་ཏུ་སྟོང་ལ་སྟོང་པ་མ་ཡིན་པ་ཞེས་བྱ་བ་དང་། མི་རྟག་ཅིང་ཤིན་ཏུ་མི་རྟག་ལ་ཤིན་ཏུ་རྟག་པ་ཞེས་བྱ་བ་དང་། བདག་མེད་པར་གྱུར་ལ་ཤིན་ཏུ་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་དང་། མི་སྡུག་ཅིང་ཤིན་ཏུ་མི་སྡུག་ལ་ཤིན་ཏུ་སྡུག་པ་ཞེས་བྱ་བ་ཡོད་དེ། ཉི་ཤུ་རྩ་གསུམ་པོ་དེ་དག་ནི་ལྡེམ་པོ་ངག་གི་གཞིའི་བྱེ་བྲག་ལ་འཇུག་པ་ལ་རྨོངས་པའི་ཚུལ་ཅན་གྱི་ཆོས་ཀྱི་ཐབས་ཀྱི་རྒྱུན་གྱི་རྣམ་པར་ཐར་པའི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་འཁོར་ཆེན་པོའི་ནང་ནས་ལྷའི་བུ་སྐྱེ་བོ་ཐམས་ཅད་དགའ་བ་ཞེས་བྱ་བས་བཅོམ་ལྡན་འདས་ལ་ལྷའི་མཆོད་པ་ཆེན་པོ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​ཀྱེ་མ་དེང་ནི་ཉན་ཐོས་ཀུན། །​མྱོས་པར་བྱེད་པའི་རྒྱུ་ཆེན་བྱུང་། །​སེམས་ཅན་རྣམས་ལ་སྨན་སླད་དུ། །​ལྷ་ཆེན་མཐའ་ཡས་གཟུགས་མངའ་བ། །​དེ་བཞིན་གཤེགས་པའི་ལྡེམ་པོ་ངག །​ཐུགས་སུ་ཆུད་ནས་སྟོན་པ་མཛད། །ལྡེམ་པོ་ངག་གི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བཞི་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། སྲིད་པར་སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི་གསང་བ་བཀོད་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲིན་ཆེན་སྙིང་པོ། སྤྲིན་ཆེན་པོའི་མདོ་ལ་སྲིད་པར་སྐྱེ་བས་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྲིད་པར་སྐྱེ་བ་ལ་འདོད་ཅིང་བློ་གྲོས་དང་བ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་སྲེད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་བརྩམ་པ་མེད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་རབ་ཏུ་དད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བར་སྨོན་པ་ལ་མཁས་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བའི་བསྔགས་པ་རྗོད་པ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་དམིགས་པའི་རྒྱལ་པོ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ལ་མཁས་པའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང་། སྲིད་པར་སྐྱེ་བ་ན་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་མ་གོས་པར་གནས་ཤིང་འཇུག་པ་གསང་བའི་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡོད་དེ། བཅུ་པོ་དེ་དག་ནི་སྲིད་པར་སྐྱེ་བས་རྩེ་བའི་རྣམ་པ་ལ་འཇུག་ཅིང་གནས་པ་བགྲོད་པའི་གསང་བ་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1558#UT22084-064-002-1558