Degé Kangyur volume 64, F.161.a

སྤྲིན་ཆེན་སྙིང་པོས་གསོལ་བ། ཡེ་ཤེས་ལ་རྨོངས་པའི་སྙིང་པོ་བསམ་གྱིས་མི་ཁྱབ་པ་གཟུང་བའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདེ་བར་གཉེན་པོར་བྱ་བ་མང་བ་ཞེས་བྱ་བ་དང་། མི་མཉམ་པ་དང་མཉམ་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་དང་། མཚུངས་པ་མེད་པར་འགྲོ་བའི་སྣང་བའི་སྒོར་འཇུག་པ་ཞེས་བྱ་བ་དང་། གཞུང་ལུགས་གོ་བར་བྱེད་པ་ཞེས་བྱ་བ་དང་། མཐར་བྱེད་པའི་ཏོག་ཅེས་བྱ་བ་དང་། ཡང་དག་པར་བརྗོད་པའི་འོད་ཅེས་བྱ་བ་དང་། ཆུ་ལས་ཤིན་ཏུ་འཕགས་པར་དམིགས་པ་ཞེས་བྱ་བ་དང་། སྙིང་པོ་དྲི་མ་མེད་པ་ཞེས་བྱ་བ་དང་། ས་འཛིན་འོད་འཕྲོ་ཞེས་བྱ་བ་དང་། མངོན་པར་འཕགས་པའི་སྣང་བའི་སྒོ་ཞེས་བྱ་བ་སྟེ་བཅུ་པོ་དེ་དག་ནི་ཡེ་ཤེས་ལ་རྨོངས་པའི་སྙིང་པོ་བསམ་གྱིས་མི་ཁྱབ་པ་ལ་གཟུད་པའི་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷའི་བུ་ཕྲེང་མཛེས་ཅན་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཚིགས་སུ་བཅད་པ་འདི་སྨྲས་སོ། །​སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །​ཀྱེ་མ་སེམས་ཅན་ཀུན་ཕན་ཕྱིར། །​ཡེ་ཤེས་རྨོངས་པ་སྣ་ཚོགས་པ། །​དེ་བཞིན་གཤེགས་པ་སྟོན་པ་མཛད། །​ཡེ་ཤེས་ལ་རྨོངས་པ་གཟུད་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་བདུན་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་བ། ཡེ་ཤེས་ཟབ་མོ་བརྟན་པ་འཐོབ་པ་ལ་འཇུག་པའི་རྣམ་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ཡངས་པའི་སྙིང་པོ་བཅུ་ལ་གུས་པར་འཇུག་པ་ཞེས་བྱ་བ་དང་། ནམ་མཁས་བསྲུངས་པ་ཞེས་བྱ་བ་དང་། དུས་བཟངས་ཟབ་མོ་ལ་འཇུག་པ་ཞེས་བྱ་བ་དང་། ཕྲ་བ་ལ་དགའ་བ་ཞེས་བྱ་བ་དང་། རྒྱ་མཚོ་མི་བསྐྱོད་པ་ཞེས་བྱ་བ་དང་། ཡེ་ཤེས་ཀྱི་འོད་འཕྲོ་བའི་འོད་ཅེས་བྱ་བ་དང་། ངག་གི་རང་བཞིན་གཙང་བ་ལ་འཇུག་པ་ཞེས་བྱ་བ་དང་། ཉོན་མོངས་པའི་བུད་ཤིང་ཚིག་པ་དྲི་མ་མེད་པ་ལ་འཇུག་པ་ཞེས་བྱ་བ་དང་། བློ་གྲོས་བརྟན་པ་ལ་འཇུག་པ་ཞེས་བྱ་བ་དང་། བློ་གྲོས་དྲི་མ་མེད་པ་ཞེས་བྱ་བ་སྟེ། བཅུ་པོ་དེ་དག་ནི་ཡེ་ཤེས་ཟབ་མོ་བརྟན་པ་འཐོབ་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1560#UT22084-064-002-1560