Degé Kangyur volume 64, F.166.a

ཀྱི་སྒོ་དང་། ཆུ་འབབ་པ་ལྟ་བུར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ས་ཀུན་ཏུ་རབ་ཏུ་གཡོ་བ་རྒྱ་ཆེར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལག་པ་གཡས་གཡོན་གྱི་མཐིལ་གསལ་བར་གཅོད་པ་ལྟ་བུར་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཉ་པོ་ཆེ་དག་གི་མཇུག་མ་མངོན་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐོབ་པར་དཀའ་བ་དང་། རྟོགས་པར་དཀའ་བ་རབ་ཏུ་སྟོན་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱན་ཐམས་ཅད་ཀྱི་རྣམ་པ་ལ་རབ་ཏུ་དགའ་ཞིང་མངོན་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་སེང་གེ་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷའི་བུ་སེང་གེ་དཔའ་བོ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​ཀྱེ་མ་བཅོམ་ལྡན་སངས་རྒྱས་དཔེ་མེད་པ། །​ཡེ་ཤེས་དཔེ་མེད་དག་ལ་རབ་ཏུ་གནས། །སེམས་ཅན་རྣམས་ལ་བདེ་མང་མཛད་སླད་དུ། །​ཐབས་ཀྱིས་སེང་གེའི་རྣམ་པར་རོལ་པ་མཛད། །​སེང་གེ་རྣམ་པར་རྩེ་བ་ལ་དམིགས་པའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཅིག་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། མཚམས་སྦྱར་བ་ལ་ཚོགས་པའི་རྣམ་པ་འཇིག་རྟེན་དང་འཐུན་པར་འཇུག་པར་བྱ་བ་ལ་འཇུག་པའི་མདོ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་མངོན་པར་མཚམས་སྦྱར་བར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་རྟག་པར་བྱ་བའི་རྒྱལ་པོ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཐབས་ཀྱིས་ཤིན་ཏུ་རབ་ཏུ་ཞི་བར་བྱ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དད་པའི་སྦྲང་རྩི་འཇམ་པ་ཡང་དག་པར་རབ་ཏུ་གཟུང་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སེང་གེ་རྣམ་པར་རྩེ་བ་མངོན་པར་འཕགས་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིམ་པ་སྟོན་པའི་དུས་དང་ཚོད་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིམ་པ་དང་རིམ་པ་མེད་པ་དང་། ཡུལ་དང་ཡུལ་མ་ཡིན་པར་འཇུག་པ་ལ་མཁས་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གདུལ་དཀའ་བ་དང་། དམུ་རྒོད་ཐབས་ཀྱིས་གཟུད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མདའ་ལྟར་མགྱོགས་པར་ལུས་ལ་དབལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1570#UT22084-064-002-1570