Degé Kangyur volume 64, F.166.b

མཆོད་པ་འདོད་པ་ཐམས་ཅད་འཐོབ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གནས་འོག་མའི་ལས་བྱེད་པའི་ཐབས་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་མཚམས་སྦྱོར་བ་ཚོགས་པའི་རྣམ་པ་འཇིག་རྟེན་དང་འཐུན་པར་འཇུག་པར་བྱ་བ་ལ་འཇུག་པའི་མདོ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷའི་བུ་སྤྲིན་ཅེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​ཀྱེ་མ་འོག་མའི་གནས་གཤེགས་པ། །​བཅོམ་ལྡན་དཀའ་བ་མཛད་པ་ལགས། །​ཉིད་ཀྱི་སྲས་ལ་སྨན་སླད་དུ། །​ཐབས་ཀྱིས་སྐུ་ལ་གནས་ནས་ཀྱང་། །​ཡོངས་སུ་མྱ་ངན་འདའ་བར་མཛད། །​མཚམས་སྦྱར་བ་ཚོགས་པའི་རྣམ་པ་འཇིག་རྟེན་དང་འཐུན་པར་འཇུག་པར་བྱ་བ་ལ་འཇུག་པའི་མདོའི་གླེང་གཞིའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གཉིས་པའོ།​། །​།འཕགས་པ་སྤྲིན་ཆེན་པོའི་མདོ། །​བམ་པོ་དྲུག་པ། སྤྲིན་ཆེན་སྙིང་པོས་གསོལ་པ། མངོན་པར་རྩེ་བའི་རིན་པོ་ཆེའི་མཛོད་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་འཆར་ཀའི་གཙུག་ཕུད་ཅེས་བྱ་བའི་ཆོས་ཀྱི་སྒོ་དང་། སྙིང་པོ་ལྔ་པ་ལ་རྒྱ་ཆེར་རྩེ་བར་མངོན་པར་རྒྱགས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཡོན་ཏན་རིན་པོ་ཆེའི་མཛོད་མངོན་དུ་འབྱུང་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཚུལ་གྱི་མཚམས་བཟང་པོས་མངོན་པར་རྩེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཆུའི་དུས་ལ་ཞུགས་པའི་སྟོབས་མི་འཇིག་པར་བྱ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཙན་དན་གྱི་སྟོབས་ཀྱི་བདེ་བསིལ་ལ་མངོན་པར་རྩེ་བ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། མིག་མི་འཛུམས་པར་སྨྲ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ཀུ་མུ་ད་དང་། ཟླ་བ་ལྟ་བུའི་ཆུ་དང་ལྡན་པ་ལ་མངོན་པར་རྩེ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྤྲུལ་པོ་ཆེ་ལ་སོགས་པའི་ལུས་ལ་མངོན་པར་འདོད་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། བསྔགས་པར་བྱ་བ་ཤིན་ཏུ་མང་བ་ལ་མངོན་པར་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་མངོན་པར་རྩེ་བའི་རིན་པོ་ཆེའི་མཛོད་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷའི་བུ་རིགས་བཙུན་པ་རྣམ་པར་དག་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1571#UT22084-064-002-1571