Degé Kangyur volume 64, F.165.b

དགུ་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། ཕྲ་ཞིང་ཟབ་མོ་གླེང་གཞིའི་རྣམ་པ་ལ་འཇུག་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཉམ་པ་དང་གྱ་གྱུ་ཅན་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རོ་བྲོ་བ་ཐམས་ཅད་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། གཞུང་ལུགས་ལ་རྣམ་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱས་པར་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རྒྱས་པ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། ལུས་ལ་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྡུག་ཅིང་དང་བའི་སྤྱོད་ལམ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། འཕགས་པས་རབ་ཏུ་བརྒྱན་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དྲི་མའི་སྙིང་པོ་དྲི་མ་མེད་པར་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། དམིགས་པའི་རྣལ་འབྱོར་གྱི་དགེ་བས་མངོན་པར་ཚིམ་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་སྟེ། བཅུ་པོ་དེ་དག་ནི་ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་ཡིན་ནོ། །​དེ་ནས་དེའི་ཚེ་ལྷ་མོ་མགྲིན་དབྱངས་སྙན་པ་ཞེས་བྱ་བས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་ཚིགས་སུ་བཅད་པ་འདི་སྨྲས་སོ། །​དཔའ་ཆེན་སེང་གེའི་སྒྲ་སྒྲོགས་པ། །​དེ་བཞིན་གཤེགས་སྒྲ་བསམ་མི་ཁྱབ། །​སེམས་ཅན་རྣམས་ལ་སྨན་སླད་དུ། །​སེང་གེའི་སྒྲ་ནི་མངོན་པར་སྒྲོགས། །​ཕྲ་ཞིང་ཟབ་པའི་གླེང་གཞིའི་རྣམ་པ་ལ་འཇུག་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་པའོ།​། །​།སྤྲིན་ཆེན་སྙིང་པོས་གསོལ་པ། སེང་གེའི་རྣམ་པར་རྩེ་བ་ལ་དམིགས་པ་ཞེས་བགྱི་བའི་ཆོས་ཀྱི་སྒོ་བཅུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། སེང་གེའི་རྣམ་པར་རྩེ་བ་བསམ་གྱིས་མི་ཁྱབ་པས་རྣམ་པར་རོལ་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་བྱ་བར་དཀའ་བ་དྲི་མ་མེད་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། སྦྲང་མ་དང་བུང་བའི་མེ་ཏོག་གི་དྲི་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེ་རྣམ་པར་བསྒྱིངས་པའི་བློ་གྲོས་ཀྱིས་རྣམ་པར་རྩེ་ཞིང་གཉིད་ཀྱིས་ནོན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་དང་། རིན་པོ་ཆེའི་ལྷུན་པོ་མངོན་པར་རབ་ཏུ་གཡོ་བའི་མཆོག་ཐོབ་པར་དཀའ་བ་ཞེས་བྱ་བའི་ཆོས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh232.html?part=UT22084-064-002-1569#UT22084-064-002-1569