Degé Kangyur volume 62, F.105.a

ཚེ་དང་ལྡན་པ་དག་ཅི་ལས་བསམས་ཏེ་དེང་ཕན་ཆད་བདག་ཅག་འདུལ་བ་མ་ཡིན་པར་སྨྲའོ་ཞེས་དེ་སྐད་ཟེར། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་དེང་ཕན་ཆད་བདག་ཅག་གིས་གང་ན་འདུལ་བ་ཡང་མེད། གསུང་བ་ཡང་མེད། འདུལ་བ་མ་ཡིན་པ་ཡང་མེད་ཅིང་ཆོས་ཐམས་ཅད་ཤིན་ཏུ་དུལ་བར་ཡོངས་སུ་ཤེས་ཏེ། དེའི་ཕྱིར་བདག་ཅག་དེང་ཕན་ཆད་འདུལ་བ་མ་ཡིན་པར་སྨྲའོ། །​དེ་ནས་དགེ་སློང་དེ་དག་གི་ལྷག་པའི་ང་རྒྱལ་བསྟན་པ་འདི་ལྟ་བུ་ཐོས་ནས་དགེ་སློང་སུམ་སྟོང་དྲུག་བརྒྱ་རྣམས་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རབ་ཏུ་རྣམ་པར་གྲོལ་ལོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དགེ་སློང་དག་གང་ན་ཆོས་གང་ཡང་རྟོགས་པ་མེད་པ་དེ་ནི་ཡང་དག་པ་ཐོབ་པ་ཡིན་གྱིས་ལེགས་སོ་ལེགས་སོ། །​དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་རྟོགས་པ་རྟོགས་པ་ཞེས་བགྱི་བའི་རྟོགས་པ་དེ་ཆོས་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྟོགས་པ་རྟོགས་པ་ཞེས་བྱ་བ་དེ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པའི་ཚིག་བླ་དགས་སོ། །​གསོལ་པ། སྐྱེ་བ་མ་མཆིས་པའི་ཆོས་ལ་བཟོད་པ་ཐོབ་པར་འཚལ་བའི་བྱང་ཆུབ་སེམས་དཔས་ཇི་ལྟར་བསླབ་པར་བགྱི། ཇི་ལྟར་སྤྱད་པར་བགྱི། ཇི་ལྟར་རྣལ་འབྱོར་དུ་འཇུག་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་བསླབ་པ་ཤེས་པར་བྱ་བའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །​ཐམས་ཅད་མཁྱེན་པ་བླ་མེད་པའི། །​སངས་རྒྱས་ཡེ་ཤེས་ཐོབ་འདོད་པས། །​ཆོས་རྣམས་གང་ཡང་མི་གཟུང་ཞིང་། །​ཆོས་རྣམས་གང་ཡང་མི་འདོར་རོ། །​གང་ཞིག་སྐྱེ་བར་འགྱུར་བ་ཡི། །​ཆོས་ནི་གང་ཡང་མི་རྙེད་དེ། །​ཆོས་རྣམས་འབྱུང་བ་མེད་པ་ལ། །​བྱིས་པ་དག་ནི་འབྱུང་བར་འདོད། །​ཆོས་རྣམས་ཤེས་པར་བྱ་བ་དང་། །​སྤང་བར་བྱ་བར་སྲོག་ཆགས་འཆད། །​བྱིས་པ་སྐྱེ་བའི་སྤྱོད་ཡུལ་ཅན། །​སྐྱེ་བ་མེད་ལ་དད་མི་འགྱུར། །​བྱང་ཆུབ་ལམ་ནི་དམ་པ་དང་། །​ལམ་གྱི་ཆོས་རྣམས་བཏང་བྱས་ཏེ། །​བྱིས་པ་གཉིས་ལ་ཆགས་པ་སྟེ། །​གཉིས་སུ་མེད་པ་མི་ཤེས་སོ། །​སྒྱུ་མ་སྣ་ཚོགས་གྱུར་པ་ལ། །​བྱིས་པ་རྣམས་ཀྱིས་ཐ་དད་མཐོང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh207.html?part=UT22084-062-007-350#UT22084-062-007-350