Degé Kangyur volume 62, F.109.a
ཀུན་དགའ་བོ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དེ་དག་སེང་གེའི་འགྲོས་དང་། ཁྱུ་མཆོག་གི་འགྲོས་སུ་འགྲོ་བར་འགྱུར་རོ། །ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་རྣམས་རབ་ཏུ་དགའ་བ་དང་། བྱང་ཆུབ་སེམས་དཔའ་འབྱུང་བར་བྱེད་པར་འགྱུར་རོ། །ང་འདས་པའི་ཕྱི་ན་བྱང་ཆུབ་སེམས་དཔའི་ལག་ཏུ་འོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་གླེགས་བམ་དུ་འོང་བ་དང་། བྱང་ཆུབ་སེམས་དཔའི་སྒྲོམ་དུ་འོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གདོལ་པ་རྣམས་ཀྱི་ལག་ཏུ་འོང་བར་མི་འགྱུར། གླེགས་བམ་དུ་འོང་བ་དང་། སྒྲོམ་དུ་འོང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་ཇི་སྐད་བཤད་པ་བཞིན་དུ་བདག་གིས་གཟུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་ཟིན་པ་བཞིན་དུ་གང་དག་ལ་བྱིན་པའི་སེམས་ཅན་དེ་དག་ལ་ཁྱོད་སྟོན་པའི་བྱ་བ་བྱེད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་རྣམས་ཡིད་དགའ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་དོ། །གླང་པོའི་རྩལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ར་ཎ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྒྲ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ལ་སོང་ངོ་།
Previous The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh207.html?part=UT22084-062-007-358#UT22084-062-007-358