Degé Kangyur volume 62, F.38.b

ལ་མི་འཇིགས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་མཐའ་ཡས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ལྷུན་གྱིས་གྲུབ་པའི་ཡེ་ཤེས་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསམ་གྱིས་མི་ཁྱབ་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཀུན་དུ་གཟིགས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གྲགས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དབྱེར་མེད་ཅིང་མི་གནས་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཐོགས་པ་མེད་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱི་གཙུག་བལྟར་མི་མཐོང་བ་གང་ཡིན། ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་སྤྱོད་པའི་གནས་རྣམས་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་མི་འཇིགས་པ་རྣམས་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །​འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་མཐོང་བར་དཀའ་བ་རིག་པར་དཀའ་བ་སྟེ། བརྟག་པར་བྱ་བ་མ་ཡིན་ཞིང་རྟོག་གེའི་སྤྱོད་པ་མ་ཡིན་པ་མོས་པར་དཀའ་བ་སྟེ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པའི་སེམས་ཅན་དེ་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་མོས་པར་འགྱུར་རོ། །​འཇམ་དཔལ་གྱིས་སྨྲས་པ། ཀྱེ་རྒྱལ་བའི་སྲས་དམུས་ལོང་ལ་མར་མེ་མི་གཟུགས་ཀྱི། མིག་དང་ལྡན་པ་རྣམས་ལ་མར་མེ་གཟུགས་ཏེ། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་དེ་དག་གི་ཕྱིར་ཁོ་བོ་འདྲིའོ། །​གང་དག་བསྐལ་པ་གྲངས་མེད་པར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེས་གནས་དང་། ཡི་དགས་དང་གཤིན་རྗེའི་འཇིག་རྟེན་དུ་གནས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-784#UT22084-062-001-784