Degé Kangyur volume 62, F.38.a

བསྡུ་བའི་དངོས་པོ་ལ་གནས་ཀྱིས། གཞན་དག་ཀྱང་སྦྱིན་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྦྱིན་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ནི་བསམ་པ་དང་སྦྱོར་བའོ། །​བདག་ནི་ཚུལ་ཁྲིམས་ལས་བྱུང་བའི་བསྡུ་བའི་དངོས་པོ་ལ་གནས་ཀྱིས། གཞན་དག་ཀྱང་ཚུལ་ཁྲིམས་ལས་བྱུང་བའི་བསྡུ་བའི་དངོས་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཚུལ་ཁྲིམས་ལས་བྱུང་བའི་བསྡུ་བའི་དངོས་པོ་ནི་བྱམས་པ་དང་སྙིང་རྗེའོ། །​བདག་ནི་བསྒོམས་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ལ་གནས་ཀྱིས། གཞན་དག་ཀྱང་བསྒོམས་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསྒོམས་པ་ལས་བྱུང་བའི་བསྡུ་བའི་དངོས་པོ་ནི་ཐབས་ཀྱིས་ཡང་དག་པར་ཟིན་པའི་ཤེས་རབ་བོ། །​བདག་ནི་བསམ་པ་ལ་གནས་ཀྱིས། གཞན་དག་ཀྱང་བསམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་པ་ནི་དགེ་བའི་ཆོས་རྣམས་ལ་དད་པ་དང་འདུན་པའོ། །​བདག་ནི་སྦྱོར་བ་ལ་གནས་ཀྱིས། གཞན་དག་ཀྱང་སྦྱོར་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྦྱོར་བ་ནི་དགེ་བའི་ཆོས་ཐམས་ཅད་སྒྲུབ་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཀྱིས་བརྗོད་པ་མཐར་ཕྱིན་པར་རིག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །​ཀྱེ་རྒྱལ་བའི་སྲས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྟོན་པ་ཐོགས་པ་མེད་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཁྱེན་པ་ཐོགས་པ་མེད་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཁྱུ་མཆོག་ཏུ་གྱུར་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཀུན་ནས་མངོན་དུ་གྱུར་པ་གང་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་ཡོངས་སུ་སྦྱོང་བ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-783#UT22084-062-001-783