Degé Kangyur volume 62, F.36.b

།བདག་ནི་ཆོས་མི་ཕྱེད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་མི་ཕྱེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་མི་ཕྱེད་པ་ནི་ཆོས་སྒྲུབ་པ་གང་ཡིན་པའོ། །​བདག་ནི་དགེ་བའི་བཤེས་གཉེན་མི་ཕྱེད་པ་ལ་གནས་ཀྱིས། གཞན་དག་ཀྱང་དགེ་བའི་བཤེས་གཉེན་མི་ཕྱེད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དགེ་བའི་བཤེས་གཉེན་མི་ཕྱེད་པ་ནི་དགེ་བའི་བཤེས་གཉེན་མི་སླུ་བ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཆོས་དང་རྗེས་སུ་འཐུན་པའི་ཆོས་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་དང་རྗེས་སུ་འཐུན་པའི་ཆོས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་དང་རྗེས་སུ་འཐུན་པའི་ཆོས་ནི་ཆོས་ལ་ཡང་དག་པ་ཉིད་དུ་སྒྲུབ་པ་གང་ཡིན་པའོ། །​བདག་ནི་ངོ་ཚ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ངོ་ཚ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངོ་ཚ་ཤེས་པ་ནི་ལུས་དང་ངག་གིས་ལེགས་པར་སྤྱད་པ་གང་ཡིན་པའོ། །​བདག་ནི་ཁྲེལ་ཡོད་པ་ལ་གནས་ཀྱིས། གཞན་དག་ཀྱང་ཁྲེལ་ཡོད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཁྲེལ་ཡོད་པ་ནི་ཡིད་ཀྱི་ལེགས་པ་སྤྱད་པ་གང་ཡིན་པའོ། །​བདག་ནི་ཡང་དག་པར་མཐོང་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པར་མཐོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པར་མཐོང་བ་ནི་ཆོས་ཐམས་ཅད་མཐའ་དང་དབུང་མེད་པར་འཇུག་པ་གང་ཡིན་པའོ། །​བདག་ནི་རྗེས་སུ་ཆགས་པ་སྤོང་བ་ལ་གནས་ཀྱིས། གཞན་དག་ཀྱང་རྗེས་སུ་ཆགས་པ་སྤོང་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྗེས་སུ་ཆགས་པ་སྤོང་བ་ནི་མ་འོངས་པའི་མི་དགེ་བའི་ལས་མི་སྐྱེད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-780#UT22084-062-001-780