Degé Kangyur volume 62, F.4.b

པ་རྙེད་པར་འགྱུར་ཏེ། དེ་ལ་གདེག་པ་དང་། གཞག་པ་དང་། དབྱེར་མེད་པ་གདེག་པ་མེད་ཅིང་གཞག་པ་མེད་པ་ནི་གདེག་པ་དང་གཞག་པའི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། གདེག་པ་མེད་པ་དང་གཞག་པ་མེད་པ་ནི་གདེག་པ་དང་གཞག་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། གདེག་པ་དང་གཞག་པའི་རང་བཞིན་ལས་གདེག་པ་མེད་ཅིང་གཞག་པ་མེད་པ་གཞན་མེད་པས་གདེག་པ་དང་གཞག་པའི་རང་བཞིན་ཉིད་གདེག་པ་མེད་ཅིང་གཞག་པ་མེད་པ་སྟེ། གདེག་པ་དང་གཞག་པའི་རང་བཞིན་ཉིད་ཀྱི་གདེག་པ་དང་། གཞག་པ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་གདེག་པ་དང་གཞག་པ་མེད་པའོ། །​བདག་ནི་བླང་བ་དང་། དོར་བ་དང་དབྱེར་མེད་པ་བླང་བ་མེད་ཅིང་དོར་བ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་བླང་བ་དང་། དོར་བ་དང་དབྱེར་མེད་པ་བླང་བ་མེད་ཅིང་དོར་བ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བླང་བ་དང་དོར་བ་དང་དབྱེར་མེད་པ་བླང་བ་མེད་ཅིང་དོར་བ་མེད་པ་ནི་བླང་བ་དང་དོར་བའི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། བླང་བ་མེད་ཅིང་དོར་བ་མེད་པ་ནི་བླང་བ་དང་དོར་བའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། བླང་བ་དང་དོར་བའི་རང་བཞིན་ལས་བླང་བ་མེད་ཅིང་དོར་བ་མེད་པ་གཞན་མེད་པས་བླང་བ་དང་དོར་བ་མེད་པའི་རང་བཞིན་ཉིད་བླང་བ་མེད་པ་དང་དོར་བ་མེད་པའོ། །​བླང་བ་དང་དོར་བའི་རང་བཞིན་གྱི་བླང་བ་མེད་ཅིང་དོར་བ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་བླང་བ་མེད་ཅིང་དོར་བ་མེད་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་འདུས་བྱས་དང་དབྱེར་མེད་པ་འདུས་མ་བྱས་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་འདུས་བྱས་དང་དབྱེར་མེད་པ་འདུས་མ་བྱས་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འདུས་བྱས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-717#UT22084-062-001-717