Degé Kangyur volume 62, F.30.a

གང་ཡིན་པའོ། །​བདག་ནི་མ་རིག་པ་དང་འདུ་བྱེད་མི་ཕྱེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་མ་རིག་པ་དང་འདུ་བྱེད་མི་ཕྱེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་ནི་འདུ་བྱེད་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་རོ། །​གལ་ཏེ་འདུ་བྱེད་རྣམས་ལས་མ་རིག་པ་གཞན་ཡིན་དུ་ཟིན་ན་འདུ་བྱེད་རྣམས་རྒྱུ་མེད་པ་ཅན་དུ་འགྱུར་རོ། །​ཇི་སྟེ་མ་རིག་པ་ལས་འདུ་བྱེད་རྣམས་གཞན་མ་ཡིན་ན་དེ་ལྟ་ན་ནི་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྒྱུ་དང་འབྲས་བུ་འགྲོགས་པར་འགྱུར་རོ། །​བདག་ནི་ཆོས་ཐམས་ཅད་མི་རྟག་པའོ་ཞེས་བྱ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ཐམས་ཅད་མི་རྟག་པའོ་ཞེས་བྱ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། མི་རྟག་པ་ཉིད་ནི་རྟག་པའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། རྟག་པའི་རང་བཞིན་ལས་མི་རྟག་པ་གཞན་མེད་པས་རྟག་པའི་རང་བཞིན་ཉིད་མི་རྟག་པའོ། །​བདག་ནི་དེ་བཞིན་གཤེགས་པ་མ་སྐྱེས་མ་འགགས་པའོ་ཞེས་བྱ་བ་ལ་གནས་ཀྱིས། གཞན་དག་ཀྱང་དེ་བཞིན་གཤེགས་པ་མ་སྐྱེས་མ་འགགས་པའོ་ཞེས་བྱ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་མ་སྐྱེས་མ་འགགས་པ་སྟེ་གཉེན་པོ་མེད་པའི་ཕྱིར་རོ། །​འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་མ་སྐྱེས་པ་མ་འགགས་པ་མཐའ་དང་དབུང་མེད་པ་ཡིན་མོད་ཀྱི། འོན་ཀྱང་དམིགས་པའི་དབང་གིས་འདི་ནི་ཁབ་ཀྱི་བུ་གུའོ། །​འདི་ནི་བུམ་པའི་ནང་ངོ་། །​འདི་ནི་ནམ་མཁའ་ཚད་མེད་པའོ་ཞེས་རབ་འབྲིང་དང་ཐ་མར་སྣང་ཡང་མ་སྐྱེས་མ་འགགས་པའི་ཕྱིར་ནམ་མཁའ་ལ་རབ་འབྲིང་དང་ཐ་མ་མེད་དོ། །​ནམ་མཁའ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་ཏེ། དེ་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་འབྱུང་ངོ་། །​འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མ་སྐྱེས་མ་འགགས་པ་མཐའ་དང་དབུང་མེད་པ་ཡིན་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་བསམ་པའི་དབང་གིས་སེམས་ཅན་གྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-767#UT22084-062-001-767