Degé Kangyur volume 62, F.3.b

ལྷག་པའི་བསམ་པ་ལ་གནས་ཀྱིས། གཞན་དག་ཀྱང་ལྷག་པའི་བསམ་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལྷག་པའི་བསམ་པ་ནི་གང་སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱི་ཁྱད་པར་དུ་འགྲོ་བའི་ཆོས་རྣམས་ལ་ལྷག་པར་དམིགས་པའོ། །​བདག་ནི་དད་པ་ལ་གནས་ཀྱིས། གཞན་དག་ཀྱང་དད་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དད་པ་ནི་ཤེས་རབ་ཀྱི་རྩ་བ་ལས་བྱུང་བའི་ལས་ལ་གནས་པའོ། །​བདག་ནི་མཆོག་ཏུ་དགའ་བ་ལ་གནས་ཀྱིས་གཞན་དག་ཀྱང་མཆོག་ཏུ་དགའ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་མཆོག་ཏུ་དགའ་བ་ནི་ལུས་དང་སེམས་རབ་ཏུ་སྦྱངས་པ་གང་ཡིན་པའོ། །​བདག་ནི་བདུད་ཀྱི་ལས་དང་དབྱེར་མེད་པའི་སངས་རྒྱས་ཀྱི་ལས་ལ་གནས་ཀྱིས། གཞན་དག་ཀྱང་བདུད་ཀྱི་ལས་དང་དབྱེར་མེད་པའི་སངས་རྒྱས་ཀྱི་ལས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བདུད་ཀྱི་ལས་ནི་གང་ཕྱིན་ཅི་ལོག་གི་ཀུན་ནས་ལྡང་བ་ལས་བྱུང་བའི་ལྟ་བ་དང་། ལྟ་བ་ཀུན་ནས་ལྡང་བ་ལས་བྱུང་བའི་བདུད་ཀྱི་ལས་ཏེ། བདུད་ཀྱི་ལས་འདི་སངས་རྒྱས་ཀྱི་ལས་དང་དབྱེར་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། བདུད་ཀྱི་ལས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། བདུད་ཀྱི་ལས་ཀྱི་རང་བཞིན་ལས་སངས་རྒྱས་ཀྱི་ལས་གཞན་མེད་པས་བདུད་ཀྱི་ལས་ཀྱི་རང་བཞིན་ཉིད་སངས་རྒྱས་ཀྱི་ལས་ཏེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན་འདི་ལྟ་སྟེ། བདག་ནི་ལྟ་བར་གྱུར་པ་དང་དབྱེར་མེད་པའི་སྟོང་པ་ཉིད་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ལྟ་བར་གྱུར་པ་དང་དབྱེར་མེད་པའི་སྟོང་པ་ཉིད་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལྟ་བར་གྱུར་པ་དང་དབྱེར་མེད་པའི་སྟོང་པ་ཉིད་ནི་ལྟ་བར་གྱུར་པའི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ནི་ལྟ་བར་གྱུར་པའི་རང་བཞིན་ལས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-715#UT22084-062-001-715