Degé Kangyur volume 62, F.15.b

འབེབས་པ་ལ་མཁས་པ་ནི་ཆོས་ཐམས་ཅད་ལ་བརྗོད་དུ་མེད་པར་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་སྡུག་བསྔལ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་སྡུག་བསྔལ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྡུག་བསྔལ་ཤེས་པ་ནི་ཕུང་པོ་རྣམས་ལ་མི་སྐྱེ་བར་ཤེས་པ་གང་ཡིན་པའོ། །​བདག་ནི་ཀུན་འབྱུང་བ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ཀུན་འབྱུང་བ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཀུན་འབྱུང་བ་ཤེས་པ་ནི་སྲེད་པ་ཡང་དག་པར་འཇོམས་པ་ཤེས་པ་གང་ཡིན་པའོ། །​བདག་ནི་འགོག་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་འགོག་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འགོག་པ་ཤེས་པ་ནི་མ་རིག་པའི་བག་ལ་ཉལ་རྣམས་འབྱུང་བ་མེད་པ་གང་ཡིན་པའོ། །​བདག་ནི་ལམ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་ལམ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ལམ་ཤེས་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་ལ་སྒྲོ་འདོགས་པ་མེད་པར་ཤེས་པ་གང་ཡིན་པའོ། །​བདག་ནི་རང་གི་འཁྲུལ་པ་ལ་སོ་སོར་རྟོག་པ་ལ་གནས་ཀྱིས། གཞན་དག་ཀྱང་རང་གི་འཁྲུལ་པ་ལ་སོ་སོར་རྟོག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རང་གི་འཁྲུལ་པ་ལ་སོ་སོར་རྟོག་པ་ནི་རང་གི་སེམས་ལ་ངེས་པར་སེམས་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་གཞན་གྱི་སེམས་རྗེས་སུ་བསྲུང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-738#UT22084-062-001-738