Degé Kangyur volume 62, F.21.a

ཕུན་སུམ་ཚོགས་པ་གང་ཡིན་པའོ། །​བདག་ནི་རྟོགས་པ་ལ་གནས་ཀྱིས། གཞན་དག་ཀྱང་རྟོགས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་རྟོགས་པ་ནི་དོན་རྟོགས་པ་ལ་འཇུག་པ་གང་ཡིན་པའོ། །​བདག་ནི་ཡང་དག་པའི་རྣམ་པར་གྲོལ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཡང་དག་པའི་རྣམ་པར་གྲོལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡང་དག་པའི་རྣམ་པར་གྲོལ་བ་ནི་ཆོས་གང་ཡང་ཐོབ་པ་མེད་པ་གང་ཡིན་པའོ། །​བདག་ནི་ཀུན་ནས་ལྡང་བ་རྣམ་པར་གནོན་པ་ལ་གནས་ཀྱིས། གཞན་དག་ཀྱང་ཀུན་ནས་ལྡང་བ་རྣམ་པར་གནོན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཀུན་ནས་ལྡང་བ་རྣམ་པར་གནོན་པ་ནི་ཉེས་པའི་རྡུལ་འཆགས་པ་དང་། ཕྱིན་ཅད་མི་དགེ་བའི་ཆོས་རྣམས་སྡོམ་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཆོ་ག་ལ་གནས་ཀྱིས། གཞན་དག་ཀྱང་ཆོ་ག་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོ་ག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ལ་སྒྲུབ་པ་གང་ཡིན་པའོ། །​བདག་ནི་བྱ་བ་ལ་གནས་ཀྱིས། གཞན་དག་ཀྱང་བྱ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བྱ་བ་ནི་སྟོང་པ་ཉིད་ལ་ཡང་མོས་ལ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་ཆེས་པ་གང་ཡིན་པའོ། །​བདག་ནི་སྡིག་པ་འདོད་པ་དང་བྲལ་བ་ལ་གནས་ཀྱིས། གཞན་དག་ཀྱང་སྡིག་པ་འདོད་པ་དང་བྲལ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྡིག་པ་འདོད་པ་དང་བྲལ་བ་ནི་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལས་སྡིག་པ་མི་འདོད་པ་གང་ཡིན་པའོ། །​བདག་ནི་བདག་ལ་མི་སྟོད་གཞན་ལ་མི་སྨོད་པ་ལ་གནས་ཀྱིས། གཞན་དག་ཀྱང་བདག་ལ་མི་སྟོད་གཞན་ལ་མི་སྨོད་པ་ལ་དགོད་དོ་ཞེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-749#UT22084-062-001-749