Degé Kangyur volume 62, F.20.b

ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བསམ་གཏན་ནི་དམིགས་པ་ཐམས་ཅད་ལ་གནས་པ་མེད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཤེས་རབ་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པ་གང་ཡིན་པའོ། །​བདག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བ་ལ་གནས་ཀྱིས། གཞན་དག་ཀྱང་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྡུ་བ་ནི་བསམ་པས་བསྡུས་པའི་བྱང་ཆུབ་ཀྱི་སེམས་གང་ཡིན་པའོ། །​བདག་ནི་ཆོས་སྨྲ་བ་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་སྨྲ་བ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་སྨྲ་བ་ནི་དེ་བཞིན་གཤེགས་པས་གནང་བ་བརྗོད་པ་གང་ཡིན་པའོ། །​བདག་ནི་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པ་ནི་མི་བརྗེད་པའི་ཆོས་ལ་འཇུག་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་བློ་གྲོས་ལ་གནས་ཀྱིས། གཞན་དག་ཀྱང་བློ་གྲོས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བློ་གྲོས་ནི་ཆོས་ཀྱི་མཚམས་སྦྱོར་བ་ཁོང་དུ་ཆུད་པ་གང་ཡིན་པའོ། །​བདག་ནི་བརྟན་པ་ལ་གནས་ཀྱིས། གཞན་དག་ཀྱང་བརྟན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྟན་པ་ནི་སྤྱོད་པ་དང་ཆོ་ག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-748#UT22084-062-001-748