Degé Kangyur volume 61, F.98.a

ལྷུང་བཟེད་བསྣམས་ནས་དགེ་སློང་ཉིས་སྟོང་གིས་བསྐོར་ཅིང་མདུན་དུ་བདར་ཏེ་ཡངས་པའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་ནས། བཅོམ་ལྡན་འདས་ཀྱིས་ཞབས་སྒོའི་ཐེམ་པ་ལ་བཞག་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་གྲོང་ཁྱེར་དུ་གཤེགས་པ་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་བྱུང་སྟེ། ལོང་བ་རྣམས་ནི་མཐོང་བར་གྱུར། འོན་པ་རྣམས་ནི་ཐོས་པར་གྱུར། སྨྱོན་པ་རྣམས་ནི་དྲན་པ་རྙེད་པར་གྱུར་ཏོ། །​ལྷའི་མེ་ཏོག་གི་ཆར་ཡང་བབ་བོ། །​སྣང་བ་ཆེན་པོ་ཡང་བྱུང་ངོ་། །​སྲང་ཡང་དྲི་མ་མེད་པར་གྱུར་ཏོ། །​ལྷའི་སིལ་སྙན་ཡིད་དུ་འོང་བ་དག་ཀྱང་མ་བརྡུངས་པར་གྲག་གོ། །​མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཐུག་པ་ནས་འོག་མིན་གྱི་གནས་མན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་བདེ་བ་དང་ལྡན་པར་གྱུར་ཏོ། །​དེའི་ཚེ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལིཙྪ་བཱི་སེང་གེའི་བུ་རིན་ཆེན་བྱིན་ཞེས་བྱ་བ་སྐྱེས་ནས་ལོ་གསུམ་ལོན་པ་མ་མའི་པང་པ་ན་འདུག་པ་ཁང་བཟངས་ཀྱིས་བརྒྱན་པའི་ཁང་བཟངས་ཀྱི་སྟེང་ན་འདུག་སྟེ། ཁྱེའུ་རིན་ཆེན་བྱིན་གྱིས་རྨད་དུ་བྱུང་བའི་མཚན་མ་དག་མཐོང་ངོ་། །​དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་རང་གི་མ་མ་ལ་ཚིགས་སུ་བཅད་དེ་སྨྲས་པ། མ་མ་གང་གི་མཐུ་སྟོབས་ཀྱིས། །​ཤིན་ཏུ་ཡ་མཚན་བྱུང་བ་སྣང་། །​ཉི་མ་བྱེ་བ་རྣམས་ཀྱི་འོད། །​ཟིལ་གནོན་སྣང་འདི་སུ་ཞིག་ཡིན། །​སྟོང་གསུམ་ས་གཞི་ཁྱབ་གྱུར་ནས། ངན་འགྲོ་སྐེམས་པར་བྱེད་པ་ཡི། །​རྫུ་འཕྲུལ་སྣང་བ་གང་ཡིན་འདི། །​མ་མ་བདག་ལ་མྱུར་དུ་སྨྲོས། །​དུས་མིན་མེ་ཏོག་ཆར་པ་ཡིས། །​སངས་རྒྱས་ཞིང་མཚམས་མེད་པར་མཛེས། །​ཕྱོགས་རྣམས་བྱ་ཡི་ཚོགས་རྣམས་ཀྱིས། །​སྐད་སྙན་པས་ནི་ཁྱབ་པར་གྱུར། །​སྲང་ཡང་མེ་ཏོག་རྣམས་ཀྱིས་ཁེབས། །​མེ་ཏོག་གདུགས་ཀྱང་རྣམ་པར་བྲེས། །​སྐྱེས་པ་བུད་མེད་དགའ་རྣམས་ཀྱིས། །​ཀུན་ནས་རབ་ཏུ་མཛེས་པར་འདུག །​ལོང་བ་རྣམས་ཀྱིས་མིག་ཀྱང་ཐོབ། །​སྐྱེ་བོ་འོན་རྣམས་སྒྲ་ཡང་ཐོས། །​བྱད་ངན་བྱད་གཟུགས་ཕུན་སུམ་ཚོགས། །​མདོག་ངན་ཁ་དོག་ཕུན་སུམ་ཚོགས། །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh184.html?part=UT22084-061-004-275#UT22084-061-004-275