Degé Kangyur volume 60, F.245.b

སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅོ་བརྒྱད་པོ་དེ་དག་ལས་ཐལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་དེའི་སངས་རྒྱས་ཀྱི་ཞིང་། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་དེ་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །​དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཏོག་བཞུགས་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ་ཅིག་གིས་གསོལ་པ། བཅོམ་ལྡན་འདས་འདི་ལྟར་འོད་ཆེན་པོ་རབ་ཏུ་གདའ་བ་འདི་སུའི་ལྟས་སྔོན་དུ་བྱུང་བ་ལགས། བཅོམ་ལྡན་འདས་རིན་པོ་ཆེའི་ཏོག་གིས་བཀའ་སྩལ་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅོ་བརྒྱད་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ད་ལྟ་ན་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེས་ཞལ་གྱི་མཛོད་སྤུ་ནས་འོད་ཟེར་གཅིག་བཏང་བས། འོད་ཟེར་གྱི་སྣང་བ་དེས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅོ་བརྒྱད་ལས་ཐལ་ནས་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོས་སྣང་བར་བྱས་སོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་འོད་ཟེར་འདི་བཏང་། བཅོམ་ལྡན་འདས་རིན་པོ་ཆེའི་ཏོག་གིས་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་སྦྲན་པའི་ཕྱིར་རོ། །​དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་དེར་འོང་བར་བྱ་བའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲང་བ་ལས་འདས་པ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་མང་པོ་ལ་སོགས་པ་འཁོར་དེར་ཚོགས་པ་དེ་དག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བལྟ་བ་དང་། ཆོས་ཉན་པར་འདོད་དོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh179.html?part=UT22084-060-008-245#UT22084-060-008-245