Degé Kangyur volume 60, F.241.b

མཚན་མ་སྔོན་དུ་འགྲོ་བའི་འདུ་ཤེས་ཡིད་ལ་བྱེད་པ་དག་སྐྱེའོ། །​དེ་འདི་སྙམ་དུ་སེམས་ཏེ། གང་ཆོས་འདི་དག་ཡོངས་སུ་ཤེས་པ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ་སྙམ་མོ། །​དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཀུན་འབྱུང་བ་སྤང་བར་བྱའོ་སྙམ་ནས་དེ་ཆོས་ཐམས་ཅད་ཀྱིས་ཉེན་ཏེ་མ་རྟོགས་སོ། །​སྐྲག་གོ། །​དངང་ངོ་། །​དངང་བར་འགྱུར་རོ། །​དེ་འདི་སྙམ་དུ་སེམས་ཏེ། ཆོས་དེ་དག་མངོན་དུ་བྱེད་པ་གང་ཡིན་པ་དང་། ཆོས་དེ་དག་གིས་ཉེན་པ་གང་ཡིན་པ་དེ་ནི། ཀུན་འབྱུང་བ་སྤོང་བའོ་སྙམ་མོ། །​དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འགོག་པ་མངོན་སུམ་དུ་བྱའོ་སྙམ་ནས་དེས་ཆོས་དེ་དག་བརྟགས་ཏེ་འགོག་པ་ཡིན་པ་སྙམ་དུ་ཤེས་སོ། །​དེ་འདི་སྙམ་དུ་སེམས་ཏེ། འདི་དག་ནི་འགོག་པ་མངོན་སུམ་དུ་བྱེད་པའོ་སྙམ་མོ། །​དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ལམ་བསྒོམ་པར་བྱའོ་སྙམ་ནས་དེ་གཅིག་པུ་དབེན་པར་སོང་སྟེ། ཆོས་དེ་དག་ཡིད་ལ་བྱེད་པས་ཞི་གནས་འཐོབ་བོ། །​དེ་ཡིད་འབྱུང་བ་ཡིད་ལ་བྱེད་པ་དེ་དང་ཞི་གནས་འཐོབ་པ་དེས་ཆོས་ཐམས་ཅད་དང་སེམས་འགྲས་སོ། །​འབྲལ་ལོ། །​ལྡོག་གོ། །​ལོག་ནས་མངོན་པར་མི་དགའ་བའི་སེམས་བསྐྱེད་དོ། །​དེ་འདི་སྙམ་དུ་སེམས་ཏེ། བདག་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་ཏེ། བདག་གིས་ཡང་གོང་དུ་བྱ་བ་ཅི་ཞིག་ཡོད་ཀྱིས་བདག་ནི་དགྲ་བཅོམ་པའོ་སྙམ་དུ་བདག་ཉིད་ཀྱིས་ཤེས་པ་ལས་དེ་འཆི་བའི་དུས་ཀྱི་ཚེ་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ནས་དེ་སངས་རྒྱས་ཀྱི་བྱང་ཆུབ་ལ་དོགས་པ་དང་། ཡིད་གཉིས་དང་། ཐེ་ཙོམ་ཟའོ། །​དེ་ཐེ་ཙོམ་དུ་ལྟུང་བའི་སེམས་ཀྱིས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེའོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ཆོས་ཐམས་ཅད་མ་སྐྱེས་པ་ལ་རྣམ་པར་བརྟགས་པའི་ཕྱིར་རོ། །​དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་དག་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། འཇམ་དཔལ་སུས་འདུ་བྱེད་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ཤེས་སོ། །​སུས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ཀུན་འབྱུང་བ་སྤངས་སོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh178.html?part=UT22084-060-007-214#UT22084-060-007-214