Degé Kangyur volume 60, F.240.b

དེ་བཞིན་གཤེགས་པ་ལ་མཆོད་པར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དམིགས་པ་བཞིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །​བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་དམིགས་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱ་བ་ལ་དམིགས་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བ་ལ་དམིགས་པ་སྟེ། ལྷའི་བུ་དམིགས་པ་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །​འཇམ་དཔལ་གྱིས་དེ་སྐད་ཅེས་སྨྲས་ནས། ལྷའི་བུ་མཚམས་བཟངས་དང་། དགེ་སློང་དེ་དག་དང་། དགེ་སློང་མ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ་ལ་མངོན་པར་བསྟོད་དོ། །​འཕགས་པ་འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།​། །​།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།​། ༄༅༅། །​རྒྱ་གར་སྐད་དུ། ཨཱརྱ་བོ་དྷི་པཀྵ་ནིར་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱམས་པ་དང་། འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​འཇམ་དཔལ་ཕྱིན་ཅི་ལོག་བཞི་པོ་དག་གིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་ཕྱིར་འདི་ལྟར་ཡང་དག་པ་མ་ཡིན་པའི་འཁོར་བ་ལས་མི་འདའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh178.html?part=UT22084-060-007-212#UT22084-060-007-212