Degé Kangyur volume 56, F.191.b

ཚངས་པར་སྤྱོད་པ་སྤྱད་དོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་གཉིས་ཀྱི་མིང་ཅི། ཉེ་རྒྱལ་གྱིས་གསོལ་པ། བདག་ནི་བྲམ་ཟེ་རྒྱལ་གྱི་བུ་ལགས་ཏེ་ཉེ་རྒྱལ་ཞེས་བགྱི། བདག་གི་མའི་མིང་ནི་ཤཱ་རི་ཀ་སྟེ། བདག་དེ་ལས་སྐྱེས་པས་ན་དེའི་སླད་དུ་བདག་གི་མིང་ནི་ཤཱ་རིའི་བུ་ཞེས་བཏགས་སོ། །​བདག་རབ་ཏུ་འབྱུང་བར་ཡང་ཕ་མས་གནང་ལགས་སོ། །​པང་ནས་སྐྱེས་ཀྱིས་གསོལ་པ། བདག་གི་ཕའི་མིང་ནི་ཀཽཎྜི་ནྱ་ཞེས་བགྱི། བདག་གི་མའི་མིང་ནི་མཽད་གལ་ཞེས་བགྱི་སྟེ། བདག་དེ་ལས་སྐྱེས་པས་ན་དེའི་སླད་དུ་བདག་གི་མིང་ནི་མཽད་གལ་གྱི་བུ་ཞེས་བཏགས་སོ། །​བདག་རབ་ཏུ་འབྱུང་བར་ཡང་ཕ་མས་གནང་ལགས་སོ། །​བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ངའི་ཐད་དུ་གཡོག་དང་བཅས་ཏེ། ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང་། དེ་ཉིད་ཀྱིས་དེ་གཉིས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོར་གྱུར་ཏོ། །​ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཡོག་དང་བཅས་པ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་བདུད་སྡིག་ཅན་དབང་ཕྱུག་ཆེན་པོའི་གཟུགས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་འདི་སྐད་ཅེས་སྨྲས་སོ། །​གང་དག་བསྟན་བཅོས་དོན་སྤྱོད་མཁས་པ་རིག་པའི་ཕ་རོལ་སོང་། །​དེ་ཀུན་ང་ཡི་རྐང་ལ་ཕྱག་འཚལ་དེ་དག་འདྲེན་པ་ང་། །​གཽ་ཏམ་སློབ་མ་འཁོར་བཅས་ང་ལ་དེང་མྱུར་སྐྱབས་འཚོལ་ཅིག །​མྱ་ངན་འདས་འགྲོ་རྒྱས་པ་གསལ་བའི་ལམ་ནི་ཁྱེད་ལ་བཤད། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལམ་འགྲོ་བ་འདི་དག་ངན་འགྲོར་འདྲེན་ཅིང་སྡུག་བསྔལ་རྒྱ་མཚོ་རྙེད་པར་བྱེད། །​ང་ཡི་ལམ་ནི་རྒྱུ་དང་མི་རྒྱུ་འགྲོ་བའི་སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པ། །​འཆལ་པ་འཛེམ་པ་མེད་ཅིང་མུ་ཅོར་སྨྲ་བ་ཝ་སྐད་ད་ཡང་ཅི་ཞིག་ཟེར། །​ཁྱོད་ནི་བཅོམ་ཟིན་བདུད་ཀྱི་ལས་ཀྱིས་ང་ལ་ད་ཡང་འདིར་ནི་བྱེད་མི་ནུས། །​དེ་ནས་བདུད་སྡིག་ཅན་གྱིས་དབང་ཕྱུག་ཆེན་པོའི་གཟུགས་མི་སྣང་བར་བྱས་ནས། ཚངས་པའི་ཆ་ལུགས་སུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །​ཁྱོད་ཀྱི་ཤེས་རབ་ཀྱིས་ནི་ལས་དང་ཉོན་མོངས་སྲེད་པའི་མྱུ་གུ་རབ་ཏུ་བསལ། །​དེ་ཡི་སླན་ཆད་ཐུབ་པ་ཇི་སླད་སེམས་ཅན་དོན་འདིར་འདི་ལྟར་སྡུག་བསྔལ་སྤྲོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh138.html?part=UT22084-056-006-1889#UT22084-056-006-1889