Degé Kangyur volume 56, F.226.b

བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ནི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་ན། བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་མེ་ཏོག་རྒྱས་པའི་དྲི་ཞེས་བྱ་བ་འབྱུང་སྟེ། སངས་རྒྱས་ཀྱི་ཞིང་དེ་ནི་ཇི་ལྟར་ད་ལྟར་གྱི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་བཞིན་དུ་བཀོད་པ་དེ་ལྟ་བུ་དང་ལྡན་པར་འགྱུར་རོ། །​སངས་རྒྱས་ཀྱི་ཞིང་དེར་སྐྱེས་བུ་དམ་པ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྡུལ་མེད་སྤོས་སྣང་སྐར་མའི་དཔལ་ཞེས་བྱ་བར་འགྱུར་ཏེ། ཁྱོད་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུ་ཐུབ་པར་འགྱུར་རོ། །​སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་དང་རང་སངས་རྒྱས་མེད་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཞིག་གི་གནས་སུ་འགྱུར་ཏེ། ཁྱོད་ཀྱང་དེ་ན་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་སྟོན་པར་འགྱུར་རོ། །​འཁོར་ཇི་སྙེད་ལྷགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བ་ལུང་བསྟན་པ་དེ་ཐོས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ལས་ལ་མངོན་པར་བརྩོན་པར་གྱུར་ཏོ། །​བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་དང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བ་ཐོབ་བོ། །​འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། དྲང་སྲོང་སྐར་མ་ལ་དགའ་བའི་ལེའུ་སྟེ་བཞི་པའོ།​། །​།བམ་པོ་ལྔ་པ། དེ་ནས་བདུད་བྱེ་བ་དག་འདི་སྙམ་དུ་སེམས་ཏེ། ཇི་ལྟར་གྲོང་ཁྱེར་འདིའི་ཕྱི་རོལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དག་གིས་བརྒྱན་པ་དེ་བཞིན་དུ་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་གྲོང་ཁྱེར་འདིའི་སྒོ་གང་དང་གང་ནས་གཤེགས་པ་དེའི་སྒོ་དེ་དང་དེའི་ས་ཕྱོགས་བཀོད་པའི་རྒྱན་དམ་པ་ཁྱད་པར་དུ་འཕགས་པས་བརྒྱན་ཏོ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བདུད་བྱེ་བ་དེ་དག་གི་སེམས་ཀྱི་ཀུན་ཏུ་རྟོག་པ་མཁྱེན་ནས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh138.html?part=UT22084-056-006-1959#UT22084-056-006-1959