Degé Kangyur volume 56, F.222.b

བཅོམ་ལྡན་འདས་དྲང་སྲོང་གི་གཟུགས་དང་། རྟགས་དང་། ཁ་དོག་དང་། དབྱིབས་དང་། སྤྱོད་ལམ་དང་། བཀོད་པ་དེ་ལྟ་བུས་ལམ་ནས་གཤེགས་ཤིང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་མཆོད་པ་བྱེད་པར་བརྩོན་པར་མཐོང་སྟེ། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་སོ། །​བདེན་པར་འདི་ནི་དྲང་སྲོང་ཆེན་པོ་མཐུ་ཆེ་ཞིང་མཆོད་པར་འོས་པ་སྟེ། ལྷ་དང་མིས་མཆོད་པར་སྣང་ངོ་། །​འདིའི་ལུས་ཐམས་ཅད་ཀྱང་བསོད་ནམས་ཀྱིས་མཚན་གྱིས་བརྒྱན་ཏེ། མཁས་ཤིང་སློབ་དཔོན་ཡིན་པར་ཤེས་སོ། །​བདག་ཅག་གཉིས་གང་རྒན། གང་མཁས་པ་དེ་ལ་ངས་ཇི་ལྟར་བརྟག་སྙམ་སྟེ། དེ་ནས་ཡང་འདི་ལྟར་བདག་གིས་མདུན་བསུ་ལ། འདི་ལ་རིགས་དང་། རུས་དང་། གནས་དང་། བརྟུལ་ཞུགས་ཀུན་དྲིའོ་སྙམ་དུ་སེམས་སོ། །​དེ་ནས་དྲང་སྲོང་སྐར་མ་ལ་དགའ་བས་བདག་གི་འཁོར་ལ་བལྟས་ནས་འདི་སྐད་ཅེས་སྨྲས་སོ། །​ཐོས་ལྡན་ཡིད་འཐད་བརྟུལ་ཞུགས་ཆེ་འཛིན་མཆོད་པའི་རིགས་པར་སྣང་། །ཡེ་ཤེས་ཆོས་དོན་ལྡན་ཞིང་ཐུབ་མཆོག་བཟོད་འདི་ལམ་རབ་མཁྱེན། །​ཁྱེད་ཅག་ཐམས་ཅད་འདི་ལ་གུས་པར་མཆོད་ཆེན་ཡང་དག་སྦྱོར། །​ཡོན་ཏན་ལྡན་པ་འདི་ལས་འཁོར་མཐར་འགྲོ་བའི་ལེགས་བཤད་མཉན། །​དེ་ནས་བྲམ་ཟེའི་ཁྱེའུ་དེ་དག་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་མཁན་པོ་དེ་བཞིན་དུ་བགྱིའོ། །ཞེས་སྨྲས་སོ། །​དེ་ནས་དྲང་སྲོང་སྐར་མ་ལ་དགའ་བ་གཡོག་དང་བཅས་པས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །​ཁྱེད་སུ་ཞིག །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ནི་བྲམ་ཟེའོ། །​གསོལ་པ། ཁྱོད་ཀྱི་གདུང་རུས་ཅི། བཀའ་སྩལ་པ། ངའི་རུས་ནི་གཽ་ཏ་མའོ། །​གསོལ་པ། ཁྱོད་ཀྱི་བརྟུལ་ཞུགས་ཅི། བཀའ་སྩལ་པ། ངའི་བརྟུལ་ཞུགས་ནི་རྣམ་པར་ཐར་པ་གསུམ་མོ། །​གསོལ་པ། ཁྱོད་ཀྱི་སྤྱོད་པ་ཅི། བཀའ་སྩལ་པ། ང་ནི་ཡང་དག་པའི་མཐའི་དེ་བཞིན་ཉིད་ལ་སྤྱོད་དོ། །​གསོལ་པ། ཁྱོད་རབ་ཏུ་བྱུང་ནས་ཇི་སྲིད་ལོན། བཀའ་སྩལ་པ། མ་རིག་པ་བྱུང་ནས་ཇི་སྲིད་ལོན་པ་ང་རབ་ཏུ་བྱུང་ནས་ཀྱང་དེ་སྲིད་ལོན་ནོ། །​གསོལ་པ། དྲང་སྲོང་ཆེན་པོ་སྐར་མ་བཤད་པ་ལུང་བསྟན་པའི་རིག་པ་གསུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲོ་བཏགས་པ་མེད་པར་མཉམ་པ་ཉིད་དུའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh138.html?part=UT22084-056-006-1951#UT22084-056-006-1951