།ལ་ལ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་བསྟོད་ཅིང་ཕྱག་འཚལ་བར་བྱེད། ལ་ལ་ནི་བཅོམ་ལྡན་འདས་ལ་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། གོས་དང་། ཕྱང་འཕྲུལ་དང་། གསེར་གྱི་སྐུད་པ་དང་། མུ་ཏིག་གི་ཕྲེང་བ་དང་། རས་བཅོས་བུ་དག་མངོན་པར་འཐོར་རོ། །དེ་ནས་ལྷ་གཞན་བྱེ་བ་མང་པོས་མགྲིན་གཅིག་ཏུ་སྐད་མཐོན་པོར་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་དོན་སླད་འདི་བས་མང་བ་ཡི། །བྱ་བར་དཀའ་བ་ཁྱོད་ཀྱིས་རབ་ཏུ་སྤྱད། །ཟད་པའི་དུས་དེང་འདིར་ནི་ཁྱོད་སྐྱེས་ཀྱིས། །བཏང་སྙོམས་མཛོད་ལ་མི་གཤེགས་བཞུགས་སུ་གསོལ། །སྡིག་མེད་ཁྱོད་ཀྱིས་སངས་རྒྱས་མཛད་པ་ཉུང་ངུ་མཛད། །ལྷ་དང་མི་རྣམས་དབང་དུ་མཛད་པ་ཤིན་ཏུ་ཉུང་། །ཤིན་ཏུ་ཡུན་རིང་ཆོས་རྣམས་སྟོན་ཅིང་ཁྱོད་བཞུགས་ལ། །སྲིད་པ་གསུམ་གྱི་རྒྱ་མཚོ་འདི་ལས་འགྲོ་བ་སྒྲོལ། །དགེ་བའི་ལས་རྣམས་བགྱིད་ཅིང་ས་བོན་ཡོངས་སྨིན་ཏེ། །བདུད་རྩིའི་སྣོད་དུ་གྱུར་པའི་སེམས་ཅན་དུ་མ་ལ། །ཁྱོད་ཀྱི་ཐུགས་རྗེ་བསྐྱེད་དེ་སོ་སོར་རབ་སྟོན་ལ། །ཆུ་བོ་ལས་ནི་འཇིག་རྟེན་ཉམ་ཐག་བསྒྲལ་བར་མཛོད། །འགྲོ་བ་དགོན་པའི་དབུས་སོང་འཁྱམས་གྱུར་ཅིང་། །འཁོར་བའི་དགོན་པར་ཤིན་ཏུ་ལམ་སྟོར་བ། །དེ་དག་ལ་ནི་ལམ་མཆོག་སོ་སོར་སྟོན། །འཕགས་པའི་ཆོས་མཆོག་ཚིག་གིས་ཐར་བར་མཛོད། །ཆོས་ཀྱི་འཁོར་ལོ་དམ་པ་གང་བསྐོར་བ། །དེ་ནི་ཁྱོད་ཀྱི་ཐུགས་རྗེ་ངོ་མཚར་རྨད། །རླབས་ཆེན་ཐུགས་མངའ་རིང་དུ་བཞུགས་སུ་གསོལ། །འགྲོ་བ་རྣམས་ནི་མགོན་མེད་མ་གྱུར་ཅིག །དེ་ནས་ཡང་ལྷ་མོ་གཞན་ཞིག་གིས་འདི་སྐད་ཅེས་གསོལ་ཏོ། །རྣམ་འདྲེན་བརྒྱ་ལ་མ་རུང་གྱུར་ན་ནི། །འཇིག་རྟེན་འདི་ལྟར་མ་ལུས་ལྡོངས་པར་འགྱུར། །ཡན་ལག་བརྒྱད་ལམ་རྣམ་ཐར་གསུམ་གྱི་རྒྱུ། །འདིར་ནི་ཡོང་ཡེ་ཐམས་ཅད་མ་མཆིས་འགྱུར། །ངག་ལུས་སེམས་ལས་སྐྱེས་དགེ་ས་བོན་དག །བདག་ཅག་བག་ཡོད་གྱུར་པས་འདིར་བཏབ་སྟེ། །དེ་སླད་བདག་ཅག་བདེ་བ་ཀུན་དང་ལྡན། །བསོད་ནམས་འབྱུང་གནས་འདིར་བརླག་མ་གྱུར་ཅིག །ཡང་དེའི་ཚེ་གནས་གཙང་མའི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་དག་དེ་ཉིད་དུ་འདུས་པར་གྱུར་ཏེ། དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ས་འདིར་བྱེ་བའི་བདུད་རྣམས་ཉེར་ལྷགས་ཀྱང་། །ཐུབ་པ་རླབས་ཆེན་ཐུགས་མངའ་ནམ་ཡང་ནི། །མ་རུང་མི་འགྱུར་ཁྱེད་ཅག་མ་འཇིགས་ཤིག །དགེ་བ་འདི་ལ་བདག་ཅག་མངོན་སུམ་གྱུར།