Degé Kangyur volume 56, F.243.b

རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དེ་དག་དང་། སེམས་ཅན་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བ་དེ་དག་ཐམས་ཅད་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་འདི་སྐད་དུ་ཀྱེ་མ་གཟུངས་འདི་ནི་སྟོབས་ཆེ་བ་དྲག་ཤུལ་དང་ལྡན་པ་སྟེ། དགྲ་ཐམས་ཅད་བཟློག་པ། འཇིགས་པ་དང་། ནད་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱེད་པ་ནས་སྒྲིབ་པ་མེད་པའི་ཡེ་ཤེས་དང་། བསོད་ནམས་དང་། ཡེ་ཤེས་ཆེན་པོ་བསགས་པ། བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱུ་འཐུན་པའི་བར་གྱི་གཟུངས་འདི་བཤད་དོ། །​ཞེས་བཀའ་སྩལ་ཏོ། །​ཡང་དེའི་ཚེ་ཚངས་པ་ཕུན་སུམ་ཚོགས་པའི་དབང་ཕྱུག་ཅེས་བྱ་བ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། ལྷའི་ལས་འདས་པའི་གོས་དང་། སྤུད་པ་དང་། རྒྱན་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། རྒྱན་ཆེན་པོ་མཆོག་རྣམས་ཀྱིས་ལུས་བརྒྱན་ནས་བུད་མེད་ཀྱི་གཟུགས་སུ་བསྒྱུར་ཏེ། ཚངས་པ་ཆེན་པོའི་སྟོབས་ཀྱི་ཡུལ་བཀོད་པའི་བྱིན་གྱི་རླབས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྤྱན་སྔར་འདུག་གོ། །​དེ་ནས་ཚངས་པ་ཆེན་པོ་ཕུན་སུམ་ཚོགས་པའི་དབང་ཕྱུག་སྟན་ལས་ལངས་ནས། ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །​སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་བདག་གིས། སངས་རྒྱས་ཀྱི་ཞིང་མ་ལུས་པ་འདིར་དབྱངས་ཀྱིས་གོ་བར་བགྱི་བ་ལ་དེར་བདག་ལ་བགེགས་ཅུང་ཟད་ཀྱང་མི་འབྱུང་བར་དབྱངས་ཀྱི་དཀྱིལ་འཁོར་གྱི་ཚིག་བརྗོད་པ་རྣམ་པར་གདོན་མི་འཚལ་བ་བསྟན་པར་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གིས་ད་ལྟར་ཆོས་སྨྲ་བ་རྣམས་དང་། ཆོས་ཉན་པ་རྣམས་ཀྱི་སླད་དུ་འདི་འདྲ་བའི་གསང་སྔགས་ཀྱི་ཚིག་བསྲུང་བ་བཤད་པར་བགྱི་སྟེ། ཅི་ནས་སླད་མའི་དུས་ན་བདུད་དམ། བདུད་ཀྱི་འཁོར་ཏམ། ལྷའམ། ཀླུའམ། ཀླུ་མོའམ། ཀླུ་རྒན་པོའམ། ཀླུ་རྒན་མོའམ། ཀླུའི་འཁོར་ཏམ། ཀླུའི་འཁོར་མོའམ། ཀླུའི་བུ་ཕོའམ། ཀླུའི་བུ་མོའམ། དེ་བཞིན་དུ་རྒྱས་པར་བགྱི་སྟེ། ཤ་ཟའམ། ཤ་ཟ་མོའམ། ཤ་ཟ་རྒན་པོའམ། ཤ་ཟ་རྒན་མོའམ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh138.html?part=UT22084-056-006-1993#UT22084-056-006-1993