གངས་ཀྱི་རིའི་ངོས་ལ་གནས་པ་དེའི་མདུན་དུ་འདུག་སྟེ་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མ་རིགས་ལས་སྐྱེས་པའི་དྲང་སྲོང་མཆོག །མཁས་ཤིང་མངོན་པར་ཤེས་པ་དག་ལག་ན་གནས། །ཨང་ག་མ་ག་དྷཱ་ན་དེར་འདུག་དེ་རིང་ནི། །རྒྱལ་པོའི་ཁབ་ཏུ་ངེས་པར་བསོད་སྙོམས་སྤྱོད། །བརྟན་པོར་སྣ་ཚོགས་གསལ་བའི་གཏམ་རྣམས་ཀྱིས། །དེ་དང་ཁྱོད་དུ་ལྷན་ཅིག་སྨྲ་བར་བྱོས། །དེར་ཁྱོད་མངོན་ཤེས་དབང་པོ་ལྔ་པོ་ཡང་། །གདོན་མི་ཟ་བར་རབ་ཏུ་ཐོབ་པར་འགྱུར། །དེ་ནས་བདུད་སྡིག་ཅན་གྱིས་ཚིགས་སུ་བཅད་པ་འདི་སྨྲས་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ནས་རང་གི་གནས་སུ་སོང་སྟེ། རང་གི་འཁོར་གྱི་བདུད་རྣམས་ལ་བསྒོ་བ། ངས་དེང་མི་མཚུངས་བློས་བསམས་ཅི་འདྲ་ང་ལས་ཁྱོད་ཉོན་ཅིག །བདག་ཡུལ་བདུད་ཀྱི་དྲེགས་ཆེན་འཇོམས་པའི་སྒྱུ་དེ་མི་སྟོན་པར། །རྫུ་འཕྲུལ་མཐུ་དང་ལྡན་དེ་ཤཱཀྱའི་བུ་ལ་རང་དགར་སྨྲ། །དེ་རྟག་ཚིག་འཇམ་སློབ་མ་དག་ལ་བརྩེ་བ་བུ་ལ་མ་བྱམས་བཞིན། །དེ་ཡི་སློབ་མ་རྒྱགས་སྤངས་གདོན་མི་ཟ་བར་སྔ་དྲོ་ནི། །གྲོང་ཁྱེར་དག་ཏུ་གཡེང་བ་མེད་པར་མཐར་གྱིས་རྒྱུ་བ་ན། །དེ་དག་གླུ་གར་སྙན་མཆོག་ཚུལ་གྱིས་རང་དགར་མྱུར་དུ་གཟུངས། །དེ་ཐོས་ཤཱཀྱའི་ཁྱུ་མཆོག་ཅི་ནས་ཡིད་སྤྲོ་མེད་པར་བྱ། །བདུད་གཞན་ཞིག་གིས་སྨྲས་པ། གླང་ཆེན་རྔ་མོ་སེང་གེ་མ་ཧེ་སྟག་གཏུམ་སྒྲ་དྲག་དབྱར་དུས་ཀྱི། །འབྲུག་སྒྲ་འབྱིན་པ་ལྟ་བུ་དུ་མ་གྲོང་དེའི་ཕྱི་རོལ་མྱུར་སྤྲུལ་ཏེ། །བདག་ཅག་ལག་ཆ་མཚོན་ཐོགས་འདུག་པ་ངོ་མཚར་མངོན་སུམ་དེ་མཐོང་ན། །བསླད་ཅིང་མི་དྲན་རྫུ་འཕྲུལ་སྟོར་ཏེ་དེ་ནས་ཐ་དད་ཕྱོགས་སུ་འགྲོ། །བདུད་གཞན་ཞིག་གིས་སྨྲས་པ། ལམ་སྲང་བཞི་མདོ་རྟ་བབས་དག་ན་མི་སྡུག་གདོང་མངས་འཁོད། །སྣ་ཚོགས་མཚོན་རྣོན་མདའ་ཆེན་མདའ་ཞགས་བརླ་དགས་རལ་གྲི་ཐོགས། །ནམ་མཁའ་ལས་ཀྱང་མཚོན་ཆའི་སྒྲ་གྲག་སྤྲིན་ལས་ལྕེ་ཡང་འབེབས། །དེ་ནས་ས་གཡོས་འཇིགས་པས་དབང་མེད་མྱུར་དུ་མ་རུངས་འགྱུར། །བདུད་དེ་དག་གིས་བདུད་ཀྱི་ཡུལ་གྱི་སྟོབས་དང་། རྣམ་པར་སྤྲུལ་པ་ཇི་ལྟ་བ་དེ་བཞིན་དུ་ཐམས་ཅད་རྒྱ་ཆེར་བྱས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡོ་རྗེར་བྱིན་གྱིས་བརླབས་ནས་བདུད་ཀྱི་སྒྲ་ཡང་མི་འབྱིན། ཕྱོགས་བཞི་ན་མེ་དང་རི་ཡང་མེད།