།དེ་བཞིན་གཤེགས་པའི་སྤྲུལ་པ་རེ་རེས་ཆོས་བསྟན་པ་དེས་ཀྱང་སེམས་ཅན་དག་པ་དག་ལས་སྲོག་ཆགས་བྱེ་བ་འབུམ་ཕྲག་དུ་མ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་རབ་ཏུ་བཀོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གྱད་རྣམས་དང་ཉེ་བ་ན་ཡོད་པ་ཤིང་སཱ་ལ་ཟུང་གི་བར་དུ་དེ་བཞིན་གཤེགས་པའི་སྐུ་གློ་གཡས་པས་སེང་གེའི་གཟིམས་ཁྲི་ལ་གཟིམས་པ་ཞིག་མངོན་པར་སྤྲུལ་པ་མཛད་ནས་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་སུ་གཤེགས་ཏེ་རང་རང་གི་སྐུ་ལས་འོད་རབ་ཏུ་བཀྱེའོ། །དེ་རབ་ཏུ་བཀྱེ་མ་ཐག་ཏུ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་ཐམས་ཅད་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་ཐམས་ཅད་སྣང་བར་མཛད་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སེམས་ཅན་འདི་དག་ཡང་དང་ཡང་། །བསད་ཅིང་བསད་ཅིང་ཕྱིར་ཡང་འཚོ། །འདུ་ཤེས་དེ་ཉིད་བསྟན་བྱེད་པས། །དེས་ན་སྡུག་བསྔལ་འབྱུང་བར་འགྱུར། །འཇིག་རྟེན་མགོན་པོ་འོད་མཛད་པ། །འཇིག་རྟེན་འདིར་ནི་བྱུང་གྱུར་ནས། །གང་གིས་སྡུག་བསྔལ་འགག་འགྱུར་བ། །ཟད་པ་མེད་ཅིང་ལེན་མེད་ལ། །འགག་པ་མེད་ཅིང་ཟག་མེད་པའི། །དམ་པའི་ཆོས་ནི་སྟོན་པར་མཛད། །གང་དག་ཆོས་འདི་རབ་ཤེས་པ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་བཀའ་སྩལ་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་དང་ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་གནས་ནས་སྲོག་ཆགས་དུང་ཕྱུར་ཕྲག་གསུམ་གྱིས་ཆོས་འདི་ཐོས་ནས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏེ། ཆོས་ཐོབ་པ་དེ་དག་གིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཟད་པ་མ་མཆིས་ལེན་མ་མཆིས། །མི་འགག་ཟག་པ་མ་མཆིས་པའི། །འཕགས་པའི་ཆོས་འདི་འཚལ་གྱུར་པས། །བདག་ཅག་བསིལ་གྱུར་མྱ་ངན་འདས། །མཁྱེན་ནས་ཇི་བཞིན་ཉིད་བརྙེས་ཤིང་། །སེམས་ཅན་རྣམས་ཀྱི་དབང་པོ་མཁྱེན། །རྒྱུ་དང་རྐྱེན་རྣམས་སྟོན་མཛད་ཅིང་། །སེམས་ཅན་རྣམས་ལ་ཐུགས་བརྩེ་བ། །