།དེ་ནས་དེའི་ཚེ་བཅོམ་ལྡན་འདས་འདི་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཇི་ལྟར་ཐུགས་མཉམ་པར་བཞག་པས་ཞབས་གཡས་པའི་མཐེ་བོ་དང་། ཕྱག་གཡས་པའི་མཐེ་བོ་དང་། དེ་བཞིན་དུ་གཡོན་པ་གཉིས་དང་། དེ་བཞིན་དུ་སྐུའི་ཡན་ལག་དང་། ཉིང་ལག་རྣམས་དང་། དེ་བཞིན་དུ་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་གྱིས་སྤྲས་པ་གཉིས་དང་། དེ་བཞིན་དུ་འཇམ་ཞིང་དྲ་བས་འབྲེལ་ལ་སེན་མོ་ཟངས་ཀྱི་མདོག་ལྟ་བུའི་ཕྱག་སོར་རྣམས་དང་། ཕྱག་རིས་ཤིན་ཏུ་བཀྲ་བའི་ཕྱག་རིན་པོ་ཆེ་གཉིས་དང་། དེ་བཞིན་དུ་མཚན་ཐམས་ཅད་དང་། དེ་བཞིན་དུ་སྐུ་ལྟེ་བའི་དཀྱིལ་འཁོར་དང་། མདོམས་ཀྱི་གསང་བའི་ཐན་ཀོར་དང་། དེ་བཞིན་དུ་ཞལ་གྱི་དཀྱིལ་འཁོར་དང་། དེ་བཞིན་དུ་ཞལ་གྱི་སྨིན་མཚམས་ནས་འོད་ཟེར་བྱེ་བ་ཕྲག་འབུམ་འབུམ་རབ་ཏུ་བཀྱེ་སྟེ། འོད་ཟེར་རེ་རེའི་ཐོག་མ་ལ་ཡང་པད་མ་བྱེ་བ་ཕྲག་འབུམ་འབུམ་མངོན་པར་སྤྲུལ་ཏོ། །པད་མ་རེ་རེའི་སྙིང་པོ་ལ་ཡང་སེང་གེའི་ཁྲི་བྱེ་བ་ཕྲག་འབུམ་འབུམ་མངོན་པར་སྤྲུལ་ཏོ། །སེང་གེའི་ཁྲི་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་རེ་རེ་སྤྲུལ་ཏེ། སངས་རྒྱས་ཀྱི་སྐུས་ཆོས་སྟོན་ཅིང་བཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་སྤྲུལ་པ་རེ་རེས་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ཟག་པ་ཟད་པར་བྱ་བའི་ཕྱིར་བཏུལ་ཏོ། །ཁ་ཅིག་ནི་འདོད་ཆགས་དང་བྲལ་བའི་སར་བཏུལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དབུའི་གཙུག་ནས་འོད་ཟེར་བྱེ་བ་ཕྲག་འབུམ་རབ་ཏུ་བཀྱེ་སྟེ། འོད་ཟེར་རེ་རེའི་ཐོག་མ་ལ་ཡང་པད་མ་བྱེ་བ་ཕྲག་འབུམ་འབུམ་མངོན་པར་སྤྲུལ་ཏོ། །པད་མ་རེ་རེའི་སྙིང་པོ་ལ་ཡང་སེང་གེའི་ཁྲི་བྱེ་བ་ཕྲག་འབུམ་འབུམ་མངོན་པར་སྤྲུལ་ཏོ། །སེང་གེའི་ཁྲི་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་རེ་རེ་མངོན་པར་སྤྲུལ་ཏེ་སངས་རྒྱས་ཀྱི་སྐུས་ཆོས་སྟོན་ཅིང་བཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་དང་། གཟུངས་དང་། རྡོ་རྗེའི་ཚིག་ཡང་དག་པར་རབ་ཏུ་སྟོན་པ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། སངས་རྒྱས་ཀྱི་སྟོབས་དང་། མི་འཇིགས་པ་དག་ཡང་དག་པར་རབ་ཏུ་སྟོན་པ་མ་གཏོགས་པར་གཏམ་གཞན་མི་གསུང་ངོ་། །དེ་བཞིན་གཤེགས་པའི་སྤྲུལ་པ་རེ་རེས་ཆོས་བསྟན་པ་དེས་ཀྱང་སེམས་ཅན་དག་པ་དག་ལས་སྲོག་ཆགས་བྱེ་བ་འབུམ་ཕྲག་དུ་མ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་རབ་ཏུ་བཀོད་དོ།