།སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུ་ནི་རང་བྱང་ཆུབ་ལ་རབ་ཏུ་བཀོད་པར་གྱུར་ཏོ། །སེམས་ཅན་དེ་བས་ལྷག་པ་རྣམས་ནི་ཟག་པ་ཟད་པ་ལ་གནས་པར་གྱུར་ཏོ། །དེ་ལྟར་ཆོས་བསྟན་པ་འདིས་སེམས་ཅན་ཁྲག་ཁྲིག་ཕྲག་ཚད་མེད་དཔག་ཏུ་མེད། བགྲང་དུ་མེད། གཞལ་དུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་དོན་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ནི་ང་ཡོངས་སུ་མྱ་ངན་ལས་འདའ་ཡིས་ཁྱེད་ཀྱིས་ཅི་ནས་ཀྱང་སངས་རྒྱས་ཀྱི་བསྟན་པ་ཀུན་ཏུ་བསྲུང་བ་ལ་ནན་ཏན་གྱིས་ཤིག །དགེ་སློང་དག་ཁྱེད་ཀྱིས་བདག་ལ་ཕན་པ་དང་། གཞན་ལ་ཕན་པའི་ཕྱིར་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཁྱེའུ་བཞིའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ས་མཱ་དྷི་ཨ་གྲ་ཨུཏྟ་མ། བོད་སྐད་དུ། འཕགས་པ་ཏིང་ངེ་འཛིན་མཆོག་དམ་པ། བམ་པོ་གཅིག་གོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དགེ་སློང་ཆེན་པོའི་དགེ་འདུན་སུམ་ཁྲི་དང་། བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ལྔ་སྟོང་ཙམ་དང་། ལྷ་དང་ཀླུ་ལ་སོགས་པ་སྡེ་བརྒྱད་དང་། ལྷ་དང་མི་ལ་སོགས་པ་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་མ་ཡིན་པ་གཞན་ཡང་ཕྱོགས་བཞིའི་མགོན་པོ་བཞི་དང་། སྲིན་པོ་དང་། ཡི་དགས་ལ་སོགས་པ་སྡེ་བཞི་ཡང་འཁོར་དེར་འདུས་པར་གྱུར་ཏོ། །དེའི་ཚེ་ན་བཅོམ་ལྡན་འདས་འོད་ཟེར་གྱི་ཏིང་ངེ་འཛིན་དུ་བཞུགས་ནས་ཅང་མི་གསུང་ཞིང་བཞུགས་པ་ལས་འཁོར་མང་པོ་རྣམས་ཐེ་ཙོམ་དུ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ཆོས་ཀྱི་རྒྱལ་བུ་འདུག་པ་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་བ་བྱས་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།