།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རིགས་ཀྱི་བུ་དམིགས་མེད་ལ་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། བརྟུལ་ཞུགས་བཟང་པོ་ཁྱེད་ཅག་ལྟ། །མྱུར་དུ་ཞིང་གཞན་འགྲོ་འགྱུར་ཞིང་། །དེར་ཡང་བདུད་རྩིའི་ཚིག་གསུང་བ། །རྫོགས་པའི་སངས་རྒྱས་མཐོང་བར་འགྱུར། །དེར་ནི་ཟབ་མོ་སངས་རྒྱས་ཀྱིས། །གསུང་བའི་ཆོས་ཀྱང་ཐོས་འགྱུར་ལ། །སངས་རྒྱས་རྣམས་ཀྱི་ཚོགས་ཀྱི་མཆོག །བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོང་། །ཁོ་བོ་འཇིག་རྟེན་མགོན་འདས་ཞེས། །ལྷ་རྣམས་བྱེ་བ་མང་པོ་དག །ཆོ་ངེས་འདེབས་པས་མདུན་བདར་ན། །མཁས་པ་ཇི་ལྟར་གནས་པར་བྱ། །དགེ་བསྙེན་སྟོང་ཕྲག་མང་པོ་རྣམས། །ཐམས་ཅད་ཤུགས་ཆེན་དུ་བྱེད་ཅིང་། །བདག་གི་དྲུང་དུ་ལྷགས་གྱུར་ན། །ཁོ་བོས་ཇི་ལྟར་ལན་ཡང་གདབ། །སུམ་ཅུ་རྩ་གསུམ་འཐབ་བྲལ་དང་། །དགའ་ལྡན་པ་དང་རབ་འཕྲུལ་དང་། །དབང་སྒྱུར་ཚངས་པ་ལ་སོགས་པའི། །ལྷ་ཚོགས་ཉེ་བར་ལྷགས་པ་རྣམས། །ཤཱཀྱ་སྐྱེས་མཆོག་འདས་གྱུར་ན། །ཇི་ལྟར་ཡོངས་སུ་གཟེངས་བསྟོད་ཅིང་། །བདག་ནི་ཇི་ལྟར་དེ་དག་ལ། །དམ་ཆོས་སྨྲ་བ་སྤོབས་པར་འགྱུར། །སྐྱེས་བུ་སྐྱེས་མཆོག་འདས་གྱུར་ན། །ཀུན་དགའ་འདྲེན་པ་གང་ན་ཞེས། །ལྷ་རྣམས་འདྲི་བར་གྱུར་པའི་ཚེ། །རྣམ་འདྲེན་བསམ་གཏན་ཟབ་མོ་དང་། །བསོད་ནམས་ཆེན་པོའི་གནས་པ་ལ། །ནང་དུ་ཡང་དག་བཞག་གོ་ཞེའམ། །འོན་ཏེ་འཆག་ཅིང་བཞུགས་སོ་ཞེས། །ཇི་ལྟར་ཚིག་གི་ལན་ཡང་གདབ། །དེ་ནས་རིགས་ཀྱི་བུ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པ་ཐོབ་པས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཟླ་བ་གསུམ་པོ་འདི་འདས་ནས། །ཁོ་བོས་ཕྱིས་ཀྱང་བལྟ་བྱ་བར། །བདག་ནི་ཁྱོད་ལ་དམ་འཆའ་ཡིས། །ཀུན་དགའ་ཐོང་ཤིག་མ་ངུ་ཤིག །སངས་རྒྱས་སྟོང་ཕྲག་གཞན་དག་ལ། །ཤཱཀྱའི་ཏོག་གི་ཆ་བྱད་ཀྱིས། །ཆོས་མཆོག་བཤད་པར་མཛད་གསོལ་ཞེས། །ཁྱོད་ཕྱིར་བདག་གིས་གསོལ་བར་བྱ། །རྫོགས་སངས་ཐུགས་རྗེས་གཟིགས་མཛད་ཅིང་། །ཁྱོད་ཀྱི་མདུན་དུ་གཤེགས་པར་འགྱུར། །ཁྱོད་ཀྱིས་མི་མཆོག་ཡོངས་བསྙེན་གྱིས། །ཀུན་དགའ་འདི་ལ་ཁྱོད་མ་ངུ་། །གང་དུ་འདི་འདྲའི་སྟོན་པ་ནི། །འཇིག་རྟེན་དུ་ནི་འདའ་འགྱུར་བ། །