།ཇི་ལྟར་ཆུ་ཤིང་སྡོང་པོ་ནི། །ཤུན་པ་རིམ་གྱིས་བཤུས་གྱུར་ན། །དེ་ལ་སྙིང་པོ་མེད་པ་ལྟར། །ཆོས་རྣམས་རང་བཞིན་དེ་དང་འདྲ། །ཇི་ལྟར་ཆར་པ་བབ་པ་ན། །མདོར་ན་ཆུ་ཡི་ཆུ་བུར་དག །སྐྱེ་ཞིང་འགག་པར་འགྱུར་བ་ལྟར། །འགྲོ་འདིའི་དངོས་པོ་དེ་དང་འདྲ། །ཇི་ལྟར་དབུ་བ་རྡོས་པ་ལ། །མིག་ཅན་སྙིང་པོ་རྟོག་པ་ན། དེ་ལ་སྙིང་པོ་མེད་པ་ལྟར། །འགྲོ་བ་འདི་ཀུན་དེ་དང་འདྲ། །ཇི་ལྟར་མེ་ལོང་གཟུགས་བརྙན་ནི། །རང་བཞིན་སྙིང་པོ་མེད་པ་ལྟར། །ཁམས་གསུམ་འཇིག་རྟེན་དེ་འདྲ་ཡིས། །མཁས་པ་ངུ་བར་མ་བྱེད་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བར་གནས་ལ་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། མཁས་པ་ཇི་སྐད་ཟེར་བ་དེ། །ཁོ་བོས་མི་ཤེས་མ་ཡིན་ཏེ། །དྲང་སྲོང་ཆེན་པོས་མདོ་སྡེ་ལས། །འཇིག་རྟེན་གསུམ་ཀུན་དངོས་མེད་གསུངས། །ལྷ་རྣམས་བྱེ་བ་ངུ་བཞིན་དང་། །མཆི་མས་བརྣངས་པ་འདི་དག་ནི། །བདག་གི་དྲུང་དུ་ཉེར་ལྷགས་ཤིང་། །ངུ་བས་བདག་གི་སྡུག་བསྔལ་བསྐྱེད། །སྤྱན་དང་ལྡན་པས་བདག་བོར་ཏེ། །རྫོགས་པའི་སངས་རྒྱས་འདི་བཞུད་ན། །ཁོ་བོ་གང་ཕྱོགས་འགྲོ་བྱ་ཞིང་། །སུ་ཞིག་བདག་གི་སྐྱོབ་པར་འགྱུར། །ཨེ་མའོ་སངས་རྒྱས་ཤིན་ཏུ་དཀོན། །བདག་གིས་སུ་ལ་མཆོད་བྱ་ཞིང་། །ཞི་བ་ཟབ་མོ་བལྟ་དཀའ་བའི། །དམ་ཆོས་སུ་ལས་མཉན་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་མེད་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ལོངས་ཤིག་བཙུན་པ་ཀུན་དགའ་བོ། །ཆོས་འགའ་འོང་བ་ཡོད་མིན་ལ། །འགྲོ་བར་འགྱུར་བའང་མེད་པས་ན། །མྱ་ངན་མ་བྱེད་ཆོས་ཉིད་ལྟོས། །སངས་རྒྱས་སྐྱེ་བ་ཅི་འདྲ་བར། །དེ་ཡི་བྱང་ཆུབ་དེ་དང་འདྲ། །འཁོར་ལོ་བསྐོར་བ་ཅི་འདྲ་བར། །མྱ་ངན་འདའ་བའང་དེ་དང་འདྲ། །སངས་རྒྱས་ནམ་ཡང་སྐྱེ་མེད་ཅིང་། །སངས་རྒྱས་འགག་པར་འགྱུར་བའང་མེད། །རང་བཞིན་དེ་འདྲའི་ཆོས་རྣམས་ལ། །ཀུན་དགའ་ཁྱོད་ནི་ཅི་ཕྱིར་ངུ་། །ཁོ་བོའི་སྤུ་ཡི་ཁུང་བུ་ནས། །སྟོང་དང་དངོས་པོ་མེད་པ་དང་། །ཉེ་བར་ཞི་དང་སངས་རྒྱས་ཞེས། །སྒྲ་སྐད་བཞི་པོ་འབྱུང་བ་ཉོན། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རིགས་ཀྱི་བུ་དམིགས་མེད་ལ་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ།