Degé Kangyur volume 55, F.186.b

སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འཁོར་ལྷའི་བུ་མོ་གླུ་ལེན་ཅིང་རོལ་མོའི་དབྱངས་སྒྲ་དང་། སིལ་སྙན་སྣ་ཚོགས་དང་ཕེག་རྡོབ་པ་དང་། གླུ་དབྱངས་ལེན་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་དང་། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འགྲོ་བ་ཤེས་པ་དང་། གནས་གང་ནས་ཀྱང་གཡོ་བ་མེད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་བལྟ་ཞིང་བསྙེན་བཀུར་བྱ་བ་དང་། མཆོད་པའི་ལས་རྒྱུན་མི་གཅད་པ་ཤེས་པ་དང་སེམས་ཅན་མཐའ་ཡས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མཐོང་བ་དང་ཐོས་པ་དོན་ཡོད་པ་འདོད་ཅིང་གནས་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་རྣམས་ཇི་ལྟ་བ་བཞིན་དུ་གདུལ་བའི་ཕྱིར་སེམས་ཀྱིས་སྐད་ཅིག་ལ་དགའ་ལྡན་གྱི་གནས་ན་གནས་པ་དང་འཆི་འཕོ་བ་དང་སྐྱེ་བ་དང་མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་ཀུན་ཏུ་སྟོན་པ་དང་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། བདུད་འདུལ་བ་ཀུན་ཏུ་སྟོན་པ་དང་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པ་ནས་ཇི་ཙམ་དུ་དམ་པའི་ཆོས་གནས་པ་དང་། ནུབ་པའི་བར་ཕྱོགས་བཅུ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ཀུན་ཏུ་སྟོན་པ་ཡང་ཤེས་ལ། ཤིན་ཏུ་མངོན་པར་རྫོགས་པར་ཡང་འཚང་མི་རྒྱ་བ་སྟེ། བཟང་སྐྱོང་འདི་ནི་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ཅེས་བྱའོ།​། །​།བམ་པོ་གཉིས་པ། བཟང་སྐྱོང་ཏིང་ངེ་འཛིན་འདིའི་ཡོངས་སུ་སྦྱངས་པ་བྱ་བ་གང་ཞེ་ན། བཟང་སྐྱོང་གང་ཡང་ཀུན་ཏུ་མི་འཛིན་པ། མི་འདོར་བ། མི་འཇོག་པ། འདུ་བྱེད་ཐམས་ཅད་རབ་ཏུ་ཞི་བ། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པ། ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ། ཆོས་ཐམས་ཅད་ལ་མི་རྟོག་པ། རྣམ་པར་མི་རྟོག་པ། རྣམ་པར་མི་སྒྲུབ་པ། ཀུན་ནས་མི་སློང་བ། མི་སྐྱེད་པ། རྟོག་པ་དང་། རྣམ་པར་རྟོག་པ་དང་ཀུན་ཏུ་རྟོག་པ་ཡང་དག་པར་གཅོད་པ། སེམས་ཀྱི་དམིགས་པ་ཡིད་ལ་མི་བྱེད་པ། རྣམ་པར་ཤེས་པ་ཡང་དག་པར་གཅོད་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡང་དག་པར་གཅོད་པ། མཐའ་དང་མཐའ་མེད་པ་ཡིད་ལ་མི་བྱེད་པ། ཡིད་ལ་བྱེད་པ་ཡང་དག་པར་གཅོད་པ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh129.html?part=UT22084-055-003-599#UT22084-055-003-599