Degé Kangyur volume 30, F.73.b

ལྟར་གཟུགས་ཀྱི་རང་བཞིན་ནི་ཡོངས་སུ་བསྔོ་བར་མི་ནུས་ལ། ཀཽ་ཤི་ཀ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་རང་བཞིན་ཡང་ཡོངས་སུ་བསྔོ་བར་མི་ནུས་ཤིང་། དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་རང་བཞིན་ཡང་ཡོངས་སུ་བསྡོ་བར་མི་ནུས་པའི་ཕྱིར་རོ། །​ཀཽ་ཤི་ཀ་གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་གཞན་དག་ལ་སྟོན་པར་འདོད་པ་དང་། ཡང་དག་པར་འཛིན་དུ་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡིད་ཀྱིས་ཡང་དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་ཞིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཅི་ནས་ཀྱང་བདག་ནི་སྦྱིན་པ་སྦྱིན་པར་བྱེད་པའོ། །​བདག་ནི་ཚུལ་ཁྲིམས་སྲུང་བའོ། །​བདག་ནི་བཟོད་པ་སྒོམ་པའོ། །​བདག་ནི་བརྩོན་འགྲུས་རྩོམ་པའོ། །​བདག་ནི་བསམ་གཏན་ལ་སྙོམས་པར་འཇུག་པའོ། །​བདག་ནི་ཤེས་རབ་སྒོམ་པའོ། །​བདག་ནི་ནང་སྟོང་པ་ཉིད་ལ་སྤྱོད་པའོ། །​བདག་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པའོ། །​བདག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པའོ། །​བདག་ནི་བྱང་ཆུབ་ཀྱི་ཕྱིར་སྤྱོད་པའོ་སྙམ་དུ་རྣམ་པར་རྟོག་པར་མི་འགྱུར་བ་དེ་ལྟར་ཡང་དག་པར་བསྟན་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་གཞན་དག་ལ་ཡང་དག་པར་སྟོན་པ་དང་། ཡང་དག་པར་འཛིན་དུ་འཇུག་པ་དང་། ཡང་དག་པར་གཟེངས་སྟོད་པ་དང་། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དེ་ནི། བདག་ཀྱང་ཉམས་པར་མི་འགྱུར་ལ། དེ་དག་ལ་ཡང་སངས་རྒྱས་ཀྱིས་གནང་བའི་ཡང་དག་པར་འཛིན་དུ་འཇུག་པ་ཡིན་ནོ། །​ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་གཞན་དག་ལ་ཡང་དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་བར་བྱ་སྟེ། ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་དེ་ལྟར་ཆགས་པའི་མཐའ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12124#UT22084-029-001-12124