Degé Kangyur volume 30, F.73.a

ཤེས་རབ་འདི་ལྟར་བསྒོམ་པར་བྱའོ་ཞེའམ། བདག་གིས་བསོད་ནམས་སྤེལ་བར་བྱེད་པའོ། །​བསོད་ནམས་འདི་སྤེལ་བར་བྱའོ། །​བསོད་ནམས་འདི་ལྟར་སྤེལ་བར་བྱའོ་ཞེའམ། བདག་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའོ། །​བདག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའོ། །​བདག་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའོ། །​བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་པའོ་སྙམ་དུ་མི་སེམས་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དག་ལ་ནི་དེ་ལྟ་བུའི་རྣམ་པར་རྟོག་པ་དག་མེད་དོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མ་ཆགས་པ་ཡིན་ནོ། །​དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་རབ་འབྱོར་རྣམ་གྲངས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་པར་འགྱུར་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔས་སེམས་སུ་ཀུན་ཏུ་ཤེས་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཏུ་ཀུན་ཏུ་ཤེས་པ་དང་། ནང་སྟོང་པ་ཉིད་དུ་ཀུན་ཏུ་ཤེས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཀུན་ཏུ་ཤེས་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་ཀུན་ཏུ་ཤེས་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་ཀུན་ཏུ་ཤེས་པ་དང་། སངས་རྒྱས་ལས་བསྐྱེད་པའི་དགེ་བའི་རྩ་བ་རྣམས་སུ་ཀུན་ཏུ་ཤེས་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། བརྟུལ་ཅིང་གཞལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆགས་པ་སྟེ། དེ་ནི་ཆགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་མི་ནུས་སོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12123#UT22084-029-001-12123