Degé Kangyur volume 30, F.74.a

ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆགས་པའི་མཐའ་དེ་དག་བསྟན་པ་ལེགས་སོ་ལེགས་སོ། །རབ་འབྱོར་ཆགས་པའི་རྣམ་པ་དེ་བས་ཀྱང་ཕྲ་བ་གཞན་དག་ཀྱང་ཁྱོད་ལ་བསྟན་པར་བྱས། དེ་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་པར་བྱའོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །​རབ་འབྱོར་འདི་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས། དེ་བཞིན་གཤེགས་པ་མཚན་མར་ཡིད་ལ་བྱེད་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པ་ཡིན་ནོ། །​གང་ཡང་དེ་བཞིན་གཤེགས་པ་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས། ཇི་སྲིད་དུ་དམ་པའི་ཆོས་གནས་པའི་བར་དེའི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་མཚན་མར་ཡིད་ལ་བྱེད་ཅིང་། ཡིད་ལ་བྱས་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པ་ཡིན་ནོ། །​དེ་བཞིན་གཤེགས་པ་ཆགས་པ་ཐམས་ཅད་དང་བྲལ་བ་རྣམས་ཀྱི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་དང་། དེ་ལས་གཞན་པ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ཀྱང་མཚན་མར་ཡིད་ལ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་ན། རབ་འབྱོར་ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་ནི་མཚན་མར་ཡིད་ལ་བྱ་བ་མ་ཡིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12125#UT22084-029-001-12125