Degé Kangyur volume 30, F.72.b

རྣམས་ལ་སྤྱོད་ན་ཆགས་པ་ཡིན་ནོ། །​སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ན་ཆགས་པ་ཡིན་ནོ། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ཡང་ཁྱོད་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་མ་ཆགས་པ་གང་ཡིན་ཞེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། འདི་སྙམ་དུ་གཟུགས་ཀྱིས་གཟུགས་ཀུན་ཏུ་མི་ཤེས་སོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་རྣམ་པར་ཤེས་པ་ཀུན་ཏུ་མི་ཤེས་སོ། །​འདས་པའི་ཆོས་རྣམས་ཀྱིས་འདས་པའི་ཆོས་རྣམས་ཀུན་ཏུ་མི་ཤེས་སོ། །​མ་འོངས་པའི་ཆོས་རྣམས་ཀྱིས་མ་འོངས་པའི་ཆོས་རྣམས་ཀུན་ཏུ་མི་ཤེས་སོ། །​ད་ལྟར་བྱུང་བའི་ཆོས་རྣམས་ཀྱིས་ད་ལྟར་བྱུང་བའི་ཆོས་རྣམས་ཀུན་ཏུ་མི་ཤེས་སོ་སྙམ་དུ་མི་སེམས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་འདི་སྙམ་དུ། བདག་གིས་སྦྱིན་པ་སྦྱིན་པར་བྱའོ། །​འདི་ལ་སྦྱིན་པར་བྱའོ། །​འདི་སྦྱིན་པར་བྱའོ་ཞེའམ། དེ་བཞིན་དུ་བདག་གིས་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བསྒོམ་པར་བྱའོ། །​ཤེས་རབ་འདི་བསྒོམ་པར་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12122#UT22084-029-001-12122