Degé Kangyur volume 30, F.72.a

རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་ལ་མི་མཁས་པ་གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་ཡང་དེ་བཞིན་ནོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་ལ་མི་མཁས་པ་འདས་པའི་ཆོས་རྣམས་ལ་འདས་པའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​མ་འོངས་པའི་ཆོས་རྣམས་ལ་མ་འོངས་པ་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​ད་ལྟར་བྱུང་བའི་ཆོས་རྣམས་ལ། ད་ལྟར་བྱུང་བ་ཞེས་བྱ་བར་འདུ་ཤེས་ན་ཆགས་པ་ཡིན་ནོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སེམས་དང་པོ་བསྐྱེད་ཕྱིན་ཆད་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པ་ཡིན་ནོ། །​ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ན་ཆགས་པ་ཡིན་ནོ། །​དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-12121#UT22084-029-001-12121