Degé Kangyur volume 29, F.85.a

བར་དུ་ཡོངས་སུ་མི་འཛིན་པ་དེ་ནི་གཞན་གྱི་ཕ་རོལ་ཏུ་མཆི་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ། བམ་པོ་བདུན་པ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། འདི་ལྟར་ཡོངས་སུ་བརྟག་པར་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གང་གི །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཅིའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཅི་ཞིག་ན་ཞེས་ཡོངས་སུ་བརྟག་པར་བགྱིའོ། །​དེ་དེ་ལྟར་ཡོངས་སུ་རྟོག་ཅིང་། དེ་ལྟར་ངེས་པར་སེམས་པའི་ཚེ། གལ་ཏེ་ཆོས་མ་མཆིས་ཤིང་མི་དམིགས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་པར་ཡང་དག་པར་རྗེས་སུ་མཐོང་ན། དེ་ལེགས་པར་མཐོང་བ་ལགས་ཏེ། བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་མ་མཆིས་ཤིང་མི་དམིགས་པའི་སླད་དུའོ། །​དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་རབ་འབྱོར་ཆོས་གང་དག་མེད་ཅིང་མི་དམིགས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱིས་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ཅིང་མི་དམིགས་སོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11548#UT22084-029-001-11548