Degé Kangyur volume 29, F.84.b

ལས་གཞན་དུ་ཡང་དག་པར་རྗེས་སུ་མ་མཐོང་བའི་སླད་དུའོ། །​རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་བཟོ་སྦྱངས་མོས་པར་གྱུར་ཏེ། དེ་འདིར་མོས་ནས་དད་པས་རྗེས་སུ་འབྲང་བས་ཆོས་ཉིད་ཚད་མར་བགྱི་སྟེ། ཆོས་ཐམས་ཅད་མི་དམིགས་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཞུགས་པར་གྱུར་ཏེ། དེ་དེ་ལྟར་མོས་ནས། དེས་ཆོས་གང་ཡང་མཚན་མ་མ་མཆིས་པར་ཡིད་ལ་བགྱིད་པའི་སླད་དུ་ཆོས་གང་ཡང་ཡོངས་སུ་གཟུང་བ་མ་མཆིས་ལགས་སོ། །​ཆོས་ཐམས་ཅད་གཟུང་དུ་མ་མཆིས་པ་དང་། གཏང་དུ་མ་མཆིས་པའི་སླད་དུ། དེས་གང་ཡོངས་སུ་གཟུང་བར་བགྱི་བའམ་གཏང་བར་བགྱི་བའི་ཆོས་གང་ཡང་མ་དམིགས་ཏེ། ཆོས་ཐམས་ཅད་ལ་རློམ་སེམས་མ་མཆིས་པའི་སླད་དུ་དེ་ནི་མྱ་ངན་ལས་འདས་པས་ཀྱང་རློམ་སེམས་སུ་འགྱུར་བ་མ་མཆིས་ལགས་སོ། །​བཅོམ་ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ་གང་གཟུགས་ཡོངས་སུ་མི་འཛིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ་ཡང་དག་པའི་མཐའི་བར་དུ་ཡོངས་སུ་མི་འཛིན་པ་དེ་ནི་གཞན་གྱི་ཕ་རོལ་ཏུ་མཆི་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས་སོ། །​དེ་ནི་སྨོན་ལམ་དག་ཡོངས་སུ་མ་རྫོགས་ཤིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་ཡོངས་སུ་མ་རྫོགས་ཀྱི་བར་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་ལགས་སོ། །​དེ་ཅིའི་སླད་དུ་ཞེ་ན། སྨོན་ལམ་དེ་དག་སྨོན་ལམ་མ་ལགས། སྟོབས་དེ་དག་སྟོབས་མ་ལགས། མི་འཇིགས་པ་དེ་དག་མི་འཇིགས་པ་མ་ལགས། སོ་སོ་ཡང་དག་པར་རིག་པ་དེ་དག་སོ་སོ་ཡང་དག་པར་རིག་པ་མ་ལགས་ཤིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་རྣམས་མ་ལགས་ཏེ། དེ་དག་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས་པའི་སླད་དུའོ། །​བཅོམ་ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ་གང་གཟུགས་ཡོངས་སུ་མི་འཛིན་པ་དང་། ཡང་དག་པའི་མཐའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11547#UT22084-029-001-11547