Degé Kangyur volume 29, F.85.b

པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་ཀྱང་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་གཟུགས་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མེད་ཅིང་མི་དམིགས་སོ། །​བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བར་དུ་མེད་ཅིང་མི་དམིགས་སོ། །​མངོན་པར་ཤེས་པ་མེད་ཅིང་མི་དམིགས་སོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་ཉིད་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའི་བར་དུ་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་རྒྱུན་དུ་ཞུགས་པ་ཡང་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་དགྲ་བཅོམ་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་བར་དུ་ཡང་མེད་ཅིང་མི་དམིགས་སོ། །​ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ཐམས་ཅད་ཤེས་པ་ཉིད་ཀྱང་མེད་ཅིང་མི་དམིགས་སོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མེད་ཅིང་མི་དམིགས་སོ། །​ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་གལ་ཏེ་སེམས་མི་ཞུམ་མི་འགོང་ལ་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བར་རིག་པར་བྱའོ། །​དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh10.html?part=UT22084-029-001-11549#UT22084-029-001-11549