Degé Kangyur volume 2, F.188.a

སངས་རྒྱས་ལ་སྐྱབས་སུ་སོང་ཞིང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་བསླབ་པའི་གཞི་རྣམས་བླངས་ན། དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །​གང་གིས་བྱམས་པའི་སེམས་དང་ལྡན་པ་ཞེས་བྱ་བ་རྒྱས་པར་སྦྱར་ཏེ། དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །​རྒྱལ་པོ་ཆེན་པོ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་བྱིན་པ་གང་ཡིན་པ་འདི་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་དང་། གང་གིས་ཕྱིར་མི་འོང་བ་བརྒྱ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་དང་གང་གིས་དགྲ་བཅོམ་པ་བརྒྱ་དང་། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བ་དང་། གང་གིས་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་པ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་དང་། གོར་བུ་དག་འབུལ་བ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་བཅད་དེ་རྗེས་སུ་མཐུན་པའི་མཆོད་སྦྱིན་འཛུགས་པ་དང་། གང་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་རྣམས་བླངས་པ་དང་། གང་གིས་བྱམས་པའི་སེམས་དང་ལྡན་པ་ཞེས་བྱ་བ་རྒྱས་པ་བས། གང་ཞིག་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་ཟད་པར་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ། འགོག་པར་རྗེས་སུ་ལྟ། ངེས་པར་འབྱུང་བར་རྗེས་སུ་ལྟ་ཞིང་གནས་ན་སྦྱིན་པ་དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །​རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་པར་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-6.html?part=UT22084-001-006-8270#UT22084-001-006-8270