Degé Kangyur volume 1, F.49.b

བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །​ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །​རྗེས་སུ་བསྒྲུབ་བོ། །​རྗེས་སུ་བགྱིད་དོ། །​གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །​ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །​རྗེས་སུ་སྒྲུབ་བོ། །​རྗེས་སུ་བགྱིད་དོ། །​སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །​དགེ་བསྙེན་གྱིས་ལེགས་སོ་ཞེས་བརྗོད་པར་བྱའོ། །​དགེ་བསྙེན་ཉིད་དུ་ཉེ་བར་སྒྲུབ་པའི་ཆོ་ག་རྫོགས་སྷོ།​། །​།དེའི་འོག་ཏུ་གང་གིས་དེ་ཞུ་བར་བྱེད་པའི་དགེ་སློང་ལ་གཏད་པར་བྱའོ། །​ཞུ་བའི་དགེ་སློང་གིས་མཁན་པོ་ལ་ཁྱོད་ཀྱིས་བར་ཆད་ཀྱི་ཆོས་རྣམས་དྲིས་སམ་ཞེས་དྲི་བར་བྱའོ། །​མ་དྲིས་པར་ཞུ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །​དེའི་འོག་ཏུ་ཞུ་བའི་དགེ་སློང་གིས་ཞུ་བར་བྱའོ། །​འདི་ལྟར་ཞུ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎ་ཌཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལའང་རུང་། གནས་ཁང་སོ་སོ་ན་འཁོད་པ་ལའང་རུང་སྟེ། རྒན་རིམས་ལ་ཕྱག་འཚལ་དུ་བཅུག་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29137#UT22084-001-001-29137