Degé Kangyur volume 1, F.48.b

སྲན་ཚོད་སློང་དུ་འཇུག་པར་བྱེད་ཅིང་བསྟན་པ་དང་འགལ་བ་གཞན་དག་ཀྱང་བྱེད་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་མཁན་པོ་མེད་པ་དང་། སློབ་དཔོན་མེད་པས་ལེགས་པར་མ་སྦྱངས་པ་དང་། ལེགས་པར་མ་བགོས་པ་དང་། སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་དང་། རྒོད་བག་གི་སྤྱོད་ལམ་གྱིས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་འདོང་ཞིང་དེ་དག་དེར་ཟས་སློང་བར་བྱེད། ཟས་སློང་དུ་འཇུག་པར་བྱེད། སྲན་ཚོད་སློང་བར་བྱེད། སྲན་ཚོད་སློང་དུ་འཇུག་པར་བྱེད་དེ། དགེ་སྦྱོང་མགོ་རེག་འདི་དག་ལ་སུ་ཞིག་བསོད་སྙོམས་སྦྱིན་པ་དང་། བྱ་བར་སེམས་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །​དགེ་སློང་ནད་པ་ཞིག་ཀྱང་ནད་གཡོག་དང་བྲལ་བས་ཤི་བར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ངས་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་བའི་ཕྱིར་དང་། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར་མཁན་པོ་དང་སློབ་དཔོན་དག་གནང་བར་བྱའོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་དབྱུང་བར་བྱ་བ་དང་། བསྙེན་པར་རྫོགས་པར་བྱ་བར་གནང་ངོ་། །​བཅོམ་ལྡན་འདས་ཀྱིས་མཁན་པོ་དང་སློབ་དཔོན་དག་གིས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་མཁན་པོ་དང་སློབ་དཔོན་དུ་ཡོད་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས་སོ། །​སློབ་དཔོན་ལྔ་གང་ཞེ་ན། དགེ་ཚུལ་གྱི་སློབ་དཔོན་དང་། གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པའི་སློབ་དཔོན་དང་། ཀློག་པའི་སློབ་དཔོན་ནོ། །​དགེ་ཚུལ་གྱི་སློབ་དཔོན་གང་ཞེ་ན། གང་གིས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་བྱིན་པ་ཡིན་ནོ། །གསང་སྟེ་སྟོན་པ་གང་ཞེ་ན། གང་གིས་གསང་སྟེ་བསྟན་པ་ཡིན་ནོ། །​ལས་བྱེད་པ་གང་ཞེ་ན། གང་གིས་གསོལ་བ་དང་བཞིའི་ལས་ཀྱིས་ལས་བྱས་པ་ཡིན་ནོ། །​གནས་སྦྱིན་པའི་སློབ་དཔོན་གང་ཞེ་ན། གང་གི་དྲུང་དུ་ཞག་གཅིག་ཙམ་ཡང་གནས་པས་འདུག་པ་ཡིན་ནོ། །



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29135#UT22084-001-001-29135