Degé Kangyur volume 1, F.47.b

འགྲོའོ། །​དགེ་སློང་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་ཞིག་འོངས་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་འབྱིན་པར་མཛད་ཅིང་། དགེ་སློང་ཚུར་ཤོག་ཅེས་བྱ་བས་བསྙེན་པར་རྫོགས་པར་མཛད་པར་འགྱུར་རོ་སྙམ་ནས། དེས་ད་ཁྲིད་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་བ་དང་། དེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མ་ཕྱིན་པ་ཁོ་ནར་བར་མ་དོར་རྒྱུན་ཆད་ཅིང་ཤི་བར་གྱུར་ཏེ། དེ་ཉིད་དེའི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་བའི་བར་ཆད་དུ་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མ་ངའི་ཉན་ཐོས་རྣམས་ཐག་རིང་པོ་དང་ཆེས་རིང་པོ་ནས་འོང་བ་རྣམས་ངལ་བར་འགྱུར་རོ་སྙམ་ནས་བཀའ་སྩལ་པ། དེ་ལྟ་བས་ན་དེང་ནས་དགེ་འདུན་གྱིས་རབ་ཏུ་དབྱུང་བ་དང་། དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱ་བར་གནང་ངོ་། །​བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱིས་རབ་ཏུ་དབྱུང་བར་བྱ་བ་དང་། དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་ཇི་ལྟར་རབ་ཏུ་དབྱུང་བར་བྱ་བ་དང་། ཇི་ལྟར་བསྙེན་པར་རྫོགས་པར་བྱ་བ་མི་ཤེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་གཟུང་བར་བྱ་ཞིང་བཟུང་ནས་དགེ་འདུན་ཐམས་ཅད་འདུས་པ་ན་ཆ་ལུགས་འདི་བཞིན་བྱས་ཤིང་རྒན་རིམས་ལ་ཕྱག་འཚལ་དུ་བཅུག་སྟེ། ཐལ་མོ་སྦྱར་ནས་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ལན་གསུམ་གསོལ་བ་འདེབས་སུ་བཅུག་ནས་དགེ་སློང་གཅིག་གིས་གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཅར་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབ་པར་བྱའོ། །​དེས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་གསོལ་ན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29133#UT22084-001-001-29133