Degé Kangyur volume 1, F.122.b

ཞེས་སྨྲས་སོ། །​དེ་དགེ་བའི་སེམས་ཀྱིས་དུས་ལ་བབ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །​ལྷའི་བུའམ། ལྷའི་བུ་མོའི་ཆོས་ཉིད་ནི་སྐྱེས་ནས་རིང་པོ་མ་ལོན་པ་ལ་སེམས་གསུམ་སྐྱེ་སྟེ། གང་ནས་ཤི་འཕོས་པ་དང་གང་དུ་སྐྱེས་པ་དང་ལས་གང་གིས་སྐྱེས་པའོ། །​དེས་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་ནས་ཤི་འཕོས་པ་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དང་། དགེ་འདུན་ལ་བསྲོ་ཁང་གི་ཁྲུས་བྱས་པས་སྐྱེས་པ་མཐོང་ངོ་། །​དེ་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ་གང་གི་ཕྱིར་བདག་ཞག་ལོན་པར་གནས་ཏེ་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོ་བ་ནི་བདག་གི་ཚུལ་དང་མཐུན་པ་མ་ཡིན་གྱིས། བདག་ཞག་ལོན་པར་མ་གནས་པ་ཁོ་ནར་བཅོམ་ལྡན་འདས་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་ཉེ་བར་འགྲོའོ་སྙམ་མོ། །​དེ་ནས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུ་རྣ་ཆ་གདུབ་ཀོར་གཡོ་ཞིང་དྲི་མ་མེད་པ་ཐོགས་ཏེ། དོ་ཤལ་དང་སེ་མོ་དོས་བརྒྱན་པའི་ལུས་ཀྱིས་ལྷའི་ཨུཏྤལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དག་གིས་ཐུ་བ་བཀང་སྟེ་ཁ་དོག་ཤིན་ཏུ་འདས་པས་མཚན་མོ་ལ་བབ་པ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་མེ་ཏོག་དག་གིས་མངོན་པར་གཏོར་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་སྔོན་སེམས་ཅན་དམྱལ་བའི་ལྷའི་བུའི་ཁ་དོག་གི་མཐུས་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་སེམས་ཅན་དམྱལ་བའི་ལྷའི་བུའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་གང་ཐོས་ནས་སེམས་ཅན་དམྱལ་བའི་ལྷའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པ་དེ་ལྟ་བུར་འཕགས་པའི་བདེན་པ་བཞི་ཡང་དག་པར་སོ་སོར་རྟོགས་པར་བྱེད་པའི་ཆོས་བསྟན་པ་མཛད་དོ། །​དེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh1-1.html?part=UT22084-001-001-29283#UT22084-001-001-29283